རྒྱ་ནག་ནང་ཤོག་སྦག་སྤར་བའི་ཉེས་མིང་འོག་མི་མང་པོ་ཞིག་འཛིན་བཟུང་བྱས་པར་མི་མང་གིས་ངོ་རྒོལ་བྱས་འདུག

ཟླ་བ་འདིའི་ཚེས་༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ལྟར་ན། ཟླ་བ་འདིའི་ཚེས་༢ དགོང་མོར་རྒྱ་ནག་ཧི་ནན་ཞིང་ཆེན་གྱི་ལུའུ་དབྱི་རྫོང་ཚུད་པའི་ས་ཆ་མང་པོ་ཞིག་ནང་། གཞོན་སྐྱེས་མང་པོ་ཞིག་གིས་ལོ་གསར་བསུ་ཆེད་ཤོག་སྦག་སྤར་ནས་རྟེན་འབྲེལ་བྱས་པར་བརྟེན། ས་གནས་ཀྱི་ཉེན་རྟོག་པས་གཞོན་ནུ་དེ་དག་འཛིན་བཟུང་བྱས་འདུག་པས་། ས་ཁུལ་གྱི་མི་མང་ཚོས་ཉེན་རྟོག་པའི་རླང་འཁོར་ལ་མཐའ་སྐོར་ནས། འཛིན་བཟུང་བྱས་པ་རྣམས་གློད་གྲོལ་དགོས་པའི་རེ་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག

ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་མི་རྣམས་གློད་མེད་པར་བརྟེན། ས་གནས་མི་མང་དང་ཉེན་རྟོག་པའི་བར་འབུད་རྒྱག་བརྒྱབ་རེས་བྱས་ཡོད་པ་དང་། དེ་རྗེས་གཞོན་སྐྱེས་ཁ་ཤས་ཀྱིས་ཉེན་རྟོག་པའི་རླངས་འཁོར་ལ་གཏོར་སྐྱོན་གཏོང་རྒྱུ་འགོ་བཙུགས་ཡོད་འདུག  གཏོར་སྐྱོན་སྐབས། གཞོན་སྐྱེས་ཁ་ཤས་ཀྱིས་རླངས་འཁོར་སྒང་ལ་འཛེགས་པ་དང་རླངས་འཁོར་མདུན་ངོས་ཀྱི་ཨང་རྟགས་གཡུག་པ། རླངས་འཁོར་མདུན་གྱི་རླུང་འགག་ཤེལ་སྒོ་བཅག་རྗེས་ཉེན་རྟོག་པའི་རླངས་འཁོར་མགོ་རྟིང་སློག་པ་སོགས་བྱས་པས་གནས་ཚུལ་ཐོན་འདུག

གཞན་ཡང། སྤྱི་ཚོགས་དྲྭ་ལམ་ཐོག་གནས་ཚུལ་དེ་འབྲེལ་གྱི་བརྙན་ཐུང་མང་པོའི་ནང་། མི་མང་གི་དཀྱིལ་ནས་མི་ག་གེ་མོ་ཞིག་གིས་། དོན་རྐྱེན་དེ་ཐོག་མར་བྱུང་དོན་གཙོ་བོ་ནི། ཉེན་རྟོག་པ་ཚོས་ཤོག་སྦག་སྤར་མཁན་རྣམས་འཛིན་བཟུང་བྱས་པར་བརྟེན། མི་མང་ཀྱི་སྐད་ཅོར་བརྒྱབ་པ་དང་གཏོར་སྐྱོན་དེ་འདྲ་བཏང་བ་ཡིན་པས། ངས་བསམ་པར་ཉེན་རྟོག་པས་ཤོག་སྦག་སྤར་མཁན་འཛིན་བཟུང་བྱས་པ་དེ་མ་འགྲིག་པ་རེད་ཅེས་དང་། དེ་བཞིན་མི་མང་ཚང་མས། ཅིག་བྱས་ན་ལོ་དེ་དག་གི་ནང་མི་མང་ཚོ་ལ་བཙན་ཤུགས་ཀྱིས་མནན་རྒྱུ་མང་དྲག་པས། ད་ཐེངས་བཟོད་མ་ཐུབ་པར་ཁོང་ཁྲོ་དང་སྡུག་བསྔལ་ཕྱི་ལ་སྟོན་པ་རེད་ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག

དེ་བཞིན་བརྙན་ཐུང་གཞན་ཞིག་ནང་། རྒྱ་ནག་གི་ས་ཆ་མང་པོའི་ནང་དུ་རླངས་འཁོར་གཏོང་ཞོར་དུ་ཤོག་སྦག་སྤར་མཁན་ཚོ་ལ། ཉེན་རྟོག་པས་རྗེས་དེད་བཏང་ཡང་། མི་མང་གིས་རླངས་འཁོར་མི་བཀག་པར། མུ་མཐུད་རླངས་འཁོར་བཏང་ནས་ཤོག་སྦག་སྤར་བས། དྲྭ་མང་ག་གེ་མོ་ཞིག་གིས། དེ་ནི་རྒྱ་ནག་མི་མང་གིས་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་སྟངས་གཞན་ཞིག་རེད་ཅེས་བརྗོད་འདུག

ཟླ་བ་འདིའི་ཚེས་༢ དགོང་མོར། མི་མང་གིས་ཉེས་རྟོག་པའི་རླངས་འཁོར་ལ་གཏོར་སྐྱོན་བཏང་བ་དང་ཤོག་སྦག་སྤར་བའི་དོན་རྐྱེན་དེ་དང་འབྲེལ་ནས། ས་གནས་ཉེན་རྟོག་པས་མི་༨ ཐོ་འགོད་བྱས་ཡོད་པ་དང་དེའི་ནང་ནས་མི་༦ འཛིན་བཟུང་བྱས་ཡོད་འདུག །

གསར་འགོད་པ་བདེ་སྒྲོན། 

Share this:

Leave a Reply