རྒྱ་ནག་ནང་སློབ་ཕྲུག་སྟོང་ཚོ་མང་པོས་རྐང་འཁོར་བཞོན་ནས་ལས་འགུལ་སྤེལ་བཞིན་པ་དེ་གཞི་རྒྱ་ཆེ་རུ་ཕྱིན་ཡོད་འདུག

རྒྱ་ནག་ནང་ཐོག་མ་མཐོ་སློབ་སློབ་ཕྲུག་སྟོང་ཚོ་མང་པོས་རྐང་འཁོར་བཞོན་ནས་ས་ཆ་གཞན་དུ་དགོང་ཟས་ཆེད་བསྐྱོད་རྒྱུའི་ལས་འགུལ་ཞིག་དར་ཁྱབ་བྱུང་འདུག་ལ། ཕྱིས་སུ་ལས་འགུལ་དེའི་ནང་སློབ་མ་གཅིག་པུ་མ་ཡིན་པ་གཞུང་གི་ལས་བྱེད་དང་། མི་སེར་དཀྱུས་མ། གཞུང་གི་གནམ་དམག་ཟུར་པ་དང་ཉེན་རྟོག་ཟུར་པ་སོགས་ཀྱི་ལས་རིགས་འདྲ་མིན་གྱི་མི་མང་འཛུལ་ཞུགས་བྱས་ནས་ད་ཆ་ལས་འགུལ་དེ་ཞིང་ཆེན་མང་པོ་ཞིག་ལ་ཡང་དར་ཁྱབ་ཕྱིན་ཡོད་འདུག

པར། བྷི་བྷི་སི།

ཕྱི་ཚེས་༡༢ སྦི་སྦི་སི་དང་ལྷོ་རྒྱ་ནག་ཆ་འཕྲིན་སོགས་ཀྱི་བརྒྱུད་ལམ་འདྲ་མིན་ནང་གནས་ཚུལ་ཐོན་གསལ་ལ་ལྟར་ན། འདི་ལོ་ཕྱི་ཟླ་༦ པའི་ནང་མཐོ་སློབ་ཐོན་པའི་བུད་མེད་བཞི་ཡིས་དགོང་ཟས་ཆེད་རྒྱ་ནག་གི་ཧེ་ནན་ཞིང་ཆེན་གྱི་གྲོང་ཁྱེར་ཆེ་ཤོས་(ZhenGzhou)ཀྲེང་ཀྲེའུ་ནས་ས་སྤྱི་ལེ་༥༠ ཙམ་ཡོད་པའི་རྒྱ་ནག་གི་གནའ་བོའི་གྲོང་ཁྱེར་ཀེ་ཧྥེང་(KaiFeng) ལ་འཁྱམ་འཁྱམ་དང་སྦྲགས་ནས་ཁ་ལག་ཟ་སར་འཁྱམ་འཁྱམ་ཞིག་བྱས་པ་དེ་དྲྭ་ཐོག་ལ་བཞག་རྗེས་དྲྭ་ཐོག་ལ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ནས། རིམ་བཞིན་སློབ་ཕྲུག་གཞན་རྣམས་ཀྱང་མཚན་མོར་འཁྱམ་འཁྱམ་གྱི་རྣམ་པ་དེར་དྲྭ་ཐོག་བཞག་རྗེས་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་འདུག གནའ་བོའི་གྲོང་ཁྱེར་ཀེ་ཧྥེང་(KaiFeng) དེ་ཕྱི་ལོ་༡༦༤༠ ནས་༡༦༤༡ བར་རྒྱ་ནག་གི་མེན་རྒྱལ་རབས་སྐབས་སུ་ཞིང་པ་ཚོས་ངོ་རྒོལ་རྒྱ་ཆེན་བྱས་ནས་མེན་རྒྱལ་རབས་རྒྱལ་རྒྱུད་རྩ་མེད་བཏང་ཡོད་པར་བརྟེན། ཐེངས་འདིའི་སློབ་ཕྲུག་ཚོས་རྐང་འཁོར་བཞོན་ནས་གནའ་བོའི་གྲོང་ཁྱེར་ཀེ་ཧྥེང་བར་བསྐྱོད་ནས་ལས་འགུལ་སྤེལ་བ་དེ་ལ་ལོ་རྒྱུས་ཐོག་ནས་གོ་རྒྱུ་ཆེན་པོ་ཡོད་པ་བརྗོད་ཀྱི་ཡོད་འདུག ཟླ་བ་འགའ་ཤས་སྔོན་ནས་འགུལ་དེ་ནང་འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་ཇེ་མང་དུ་ཕྱིན་ནས། ས་གནས་གཞན་གྱི་སློབ་ཕྲུག་ཚོ་མེ་འཁོར་ནང་འདུག་ནས་ལས་འགུལ་དེ་ནང་མཉམ་ཞུགས་བྱེད་མཁན་ཡང་སློབ་ཕྲུག་མང་པོ་ཡོད་འདུག ཟླ་བ་འདིའི་ཕྱི་ཚེས་༨ ཉིན་མི་ཚོགས་ཧ་ཅང་མང་པོ་ཆགས་ནས་རྐང་འཁོར་འཇོག་ཡུལ་གྱི་ས་ཆ་མེད་ནས་རླངས་འཁོར་འཇོག་ས་དང་། གཞན་ས་ཆ་སྟོང་པ་ཡོད་ཚད་ལ་རྐང་འཁོར་བཞག་པའི་རྐྱེན་གྱི་ས་གནས་གཞུང་གི་དབང་འཛིན་པ་ཚོ་སེམས་འཚབ་ཆེན་པོ་བྱུང་ཡོད་འདུག ཕྱི་ཚེས་༩ ཉིན་རྒྱ་ནག་གི་ཞིང་ཆེན་དང་ས་ཆ་གཞན་ལ་ཡང་དུ་ཡང་སློབ་མ་ཚོས་ལས་འགུལ་དེ་གཅིག་མཚུངས་སྤེལ་ཡོད་འདུག དཔེར་ན། པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཡང་ལས་འགུལ་སྤེལ་ཐབས་བྱེད་ཡོད་འདུག་ཀྱང་། ཕྱི་ཚེས་༩ གཞུང་གི་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག དྲྭ་ཐོག་ནས་མི་མང་ཚོས་གླེང་སློང་བྱེད་དོན་ལ་དེ་ནི་རང་དབང་གི་ཆེད་དུ་མི་མང་ལས་འགུལ་སྤེལ་གྱི་ཡོད་པ་རྗོད་ཀྱི་ཡོད་འདུག
ལས་འགུལ་དེ་ཐོག་མ་འགོ་འཛུགས་དུས་ས་གནས་གཞུང་གིས་ས་གནས་ཀྱི་ཁྲོམ་ར་དང་། ཚོང་ལས་སོགས་ལ་ཁེ་ཕན་ཆེན་པོ་ཡོང་རྒྱུར་རེ་བ་བཅངས་ནས་ས་གནས་གཞན་ནས་ཡོང་མཁན་རྣམས་བཀག་འགོག་གང་ཡང་བྱེད་ཡོད་མེད་འདུག་ཀྱང་། ཕྱིས་སུ་མི་ཚོགས་མང་དྲགས་པ་དང་། རྐང་འཁོར་མང་དྲགས་ནས་འགྲིམ་འགྲུལ་ལ་ཧ་ཅང་དཀའ་ངལ་སྤྲོད་ཀྱི་ཡོད་པའི་རྐྱེན་གྱི་ས་གནས་གཞུང་གིས་འཕྲལ་དུ་གསལ་བསྒྲགས་སྤེལ་ནས་བཀག་འགོག་བྱེད་རྒྱུ་འགོ་བཙུགས་ཡོད་འདུག དེའི་རྗེས་སུ་རྒྱ་ནག་གི་ས་གནས་གང་ས་ནས་སློབ་གྲྭ་ཙམ་མ་ཟད་དམག་ཟུར་དང་ཉེན་རྟོག་ཟུར་པ་སོགས་ཀྱང་མཉམ་ཞུགས་བྱས་ནས་ཁྱོན་སྡོམ་རྒྱ་ནག་རྒྱལ་ཡོངས་ལ་མི་འབོར་ཁྲི་ཉི་ཤུ་ཙམ་མཚན་འཁྱམ་རྒྱང་སྐྱོད་དེའི་ནང་མཉམ་ཞུགས་བྱས་པ་དང་། འགའ་ཤས་ཀྱིས་རང་དབང་ཞེས་འཕྲེད་དར་ཡང་ཁུར་ཡོང་བར་བརྟེན་ནས། རྒྱ་ནག་གཞུང་ཞེད་སྣང་བསླངས་ཡོད་ཅིང་། སློབ་ཕྲུག་མང་པོས་རྒྱང་སྐྱོད་འདི་ལ་ཞུགས་པ་ཡང་གཞུང་ལ་རྣམ་འགྱུར་ཞིག་སྟོན་ཐབས་ཤིག་བྱེད་བཞིན་ཡོད་ཚུལ་བསམ་མཁན་ཧ་ཅང་མང་པོ་ཡོད་འདུག།

པར། བྷི་བྷི་སི།

རྒྱུ་མཚན་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་འགྲུལ་འཁོར་གླས་ནས་མཚན་འཁྱམ་གང་སར་འགྲོ་ཐུབ་ཀྱི་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྱུར་བཞིན་པའི་སྐབས་དེར། སློབ་མ་ཚོས་ང་ཚོ་འཁྱམ་འདོད་པའི་ས་ཆ་ལ་རླངས་འཁོར་གླ་མི་ཐུབ་པ་ཆགས་པ་དང་། ང་ཚོས་རྐང་འཁོར་བཞོན་དགོས་ཀྱང་། ཡང་ན་གོམ་པ་རྒྱབ་དགོས་ཀྱང་རང་གི་འགྲོ་འདོད་སར་འགྲོ་ངེས་ཡིན་ཅེས་བརྗོད་ནས་འབོད་ཚིག་སྒྲོག་གི་ཡོད་འདུག དེ་སྔོན་ཡིན་ན་རྒྱ་ནག་གི་དམག་མི་ནང་ལོ་གསུམ་དང་བཞི་འདུག་ནས་ཕྱིར་ཡོང་ན་ལས་ཀ་རག་རྒྱུ་ལས་སླ་པོ་ཡོད་འདུག་ཀྱང་། ད་ཆར་ལས་ཀ་རག་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པར་བརྟེན། དམག་ཟུར་མང་པོ་ཞིག་ལས་འགུལ་དེའི་ནང་འཛུལ་ཞུགས་བྱེད་ཀྱི་ཡོད་འདུག དེ་བཞིན་ལམ་ཟུར་ཚོང་ཆུང་ཆུང་ཙག་ཙིག་རིགས་རྒྱག་མཁན་ཚོ་དེ་སྔོན་ཡིན་ན་རང་ཁ་རང་གིས་གསོ་ཐུབ་ཀྱི་ཡོད་འདུག་ཀྱང་། ད་ལྟ་དཔལ་འབྱོར་ཉམས་པའི་རྐྱེན་གྱིས་ཁོ་ཚོར་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
ཐེངས་འདིའི་ལས་འགུལ་སྐབས་སུ་མངོན་གསལ་དོད་པོ་ནི་ཐོག་ནས་རྣམ་འགྱུར་སྟོན་མི་ཐུབ་པར་བརྟེན་། འགའ་ཤས་ཀྱིས་རྒྱལ་དར་ཁུར་བ་དང་། འགའ་ཤས་ཀྱིས་མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱེད་དགོས་ཞེས་འཕྲེད་དར་ཁུར་ནས་རང་ཉིད་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཞྭ་གཡོགས་ཡོང་བསམས་ནས་རང་སྲུང་བྱེད་ཐབས་ཀྱང་བྱེད་བཞིན་ཡོད་འདུག་ལ། ཡང་འགའ་ཤས་ཀྱི་འཕྲེད་དར་ཐོག་རང་དབང་ཞེས་བྲིས་པའི་དར་ཆ་ཁྱེར་ནས་འགྲོ་མཁན་པར་རིགས་མང་པོ་མཐོང་རྒྱུ་འདུག
ད་ཐེངས་ཀྱི་ལས་འགུལ་འདིས་རྒྱ་ནག་གཞུང་གི་སྲིད་དབང་ལ་འགུལ་བསྐྱོད་བྱེད་པར་དོགས་ནས། གཞུང་གིས་འཕྲལ་དུ་རྐང་འཁོར་སྤྱི་གཉེར་ཁང་གསུམ་ལ་བཀའ་བཏང་ནས་རྐང་འཁོར་བཀོལ་སྤྱོད་བཀག་བཅུག་ཡོད་འདུག
ཡིན་ན་ཡང་སློབ་ཕྲུག་ཚོས་མུ་མཐུད་ནས་རྐང་ཐང་འགྲོ་བ་དང་། ཡང་འགའ་ཤས་རྟ་བཞོན་ནས་མཚན་འཁྱམ་གོམ་བགྲོད་བྱས་འདུག་པས། ད་ལྟ་རྒྱ་གཞུང་གིས་སློ་གྲྭ་ཁག་གི་སྒོ་ཆེན་བཀག་ནས་འགྲོ་བཅུག་གི་མི་འདུག་ཟེར། དེ་མ་ཟད་ད་ལྟ་རྒྱ་གཞུང་གིས་གསར་ཁང་ཁག་ལ་ངན་ཕྱོགས་ནས་གླེང་སློང་བྱེད་མགོ་བརྩམས་ཟིན་འདུག་ཅིང་། སློབ་ཕྲུག་ཚོ་མཉམ་ཞུགས་བྱས་ན་མིང་གཞུང་ནག་པོའི་ནང་བཅུག་གི་ཡིན་ཚུལ་སོགས་ཀྱི་འཇིགས་སྐུལ་བྱེད་ཀྱི་ཡོད་པ་བརྗོད་བཞིན་འདུག
དེ་རིང་གསར་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལ་ལྟར་ན། སློབ་ཕྲུག་ཚོས་གཞུང་ལམ་ཁྲོད་ཉལ་ནས་རླངས་འཁོར་སོགས་ཡོད་ཚད་འགོག་བཞིན་པའི་བརྙན་དང་པར་སོགས་དྲྭ་ལམ་ནང་མཐོང་རྒྱུ་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds