རྒྱ་ནག་ནང་སློབ་མ་ཞིག་བསད་པའི་རྐྱེན་གྱིས་མི་མང་གིས་གཞུང་ལ་ངོ་རྒོལ་དང་དམག་མི་ཡིས་དྲག་གནོན།
རྒྱ་ནག་གི་ནུབ་བྱང་ཕྱོགས་སུ་ཡོད་པའི་(Shaanxi province)ཧྲན་ཞིས་ཞིང་ཆེན་ནང་ལག་ཤེས་སྦྱོང་བརྡར་སློབ་གྲྭ་ཞིག་གི་ནང་དུ་སློབ་མ་བུ་ཞིག་བསད་ཡོད་འདུག་ཅིང་། རྒྱ་ནག་གཞུང་གིས་བུ་དེ་གྲོངས་པའི་རྒྱུ་རྐྱེན་གསང་བ་བྱས་པའམ་སྦས་སྐུང་བྱས་པའི་རྐྱེན་གྱིས་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་བསྒྲགས་ཆེན་པོ་ཕྱིན་ནས་མི་མང་ཕོན་ཆེན་པོས་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག ངོ་རྒོལ་སྐབས་སུ་རྒྱ་ནག་གཞུང་གི་དམག་མིས་མི་མང་ཐོག་དྲག་རྒོལ་བྱས་ནས་མི་མང་པོ་རྨས་སྐྱོན་ཚབས་ཆེན་པོ་ཕོག་ཡོད་པར་བརྗོད།
ཕྱི་ཚེས་༡༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་འདིའི་ཚེས་༢ ཉིན་་རྒྱ་ནག་གི་(Shaanxi province)ཧྲན་ཞིས་ཞིང་ཆེན་གྱི་(Pucheng)་པུ་ཁྲེན་ཟེར་བའི་ནང་ལག་ཤེས་སྦྱོང་བརྡར་སློབ་གྲྭ་ཞིག་ཏུ་སློབ་མ་བུ་ཞིག་ཤི་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་བུ་དེའི་ཤི་རྐྱེན་སྐོར་སྦས་སྐུང་བྱས་པའི་རྐྱེན་གྱིས་གནད་དོན་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་བསྒྲགས་ཆེན་པོ་ཕྱིན་ནས་མི་མང་གིས་གཞུང་ལ་ངོ་རྒོལ་ཆེན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ངོ་རྒོལ་དེ་བདུན་ཕྲག་འདིའི་ཉི་མ་འགའ་ཤས་རིང་བྱས་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བཀག་འགོག་བྱས་ནས་མི་མང་གི་མཐོང་ས་མེད་པར་ནག་བསུབ་བཏང་ཡོད་འདུག སྤྱིར་བཏང་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་དུ་མ་འབྱུང་གི་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་བཀག་འགོག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྗོད་འདུག རྒྱུ་མཚན་ནི་ཕྱི་ལོ་༢༠༢༢ ལོར་རྒྱ་ནག་ནང་ཤོག་བུ་དཀར་པོའི་ངོ་རྒོལ་ལས་འགུལ་ཞིག་བྱུང་ནས་ངོ་རྒོལ་དེ་རྒྱ་ནག་གི་ས་ཆ་མང་པོ་ཞིག་གི་ནང་ཁྱབ་ཡོད་པ་དང་། ངོ་རྒོལ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕེང་གིས་ནད་ཡམས་སྐབས་སུ་མི་མང་རྣམས་བཀག་འགོག་ཤུགས་ཆེན་བྱས་པར་མི་མང་གིས་མི་དགའ་བའི་རྣམ་པ་སྟོན་ཆེད་དུ་ངོ་རྒོལ་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ད་ཆར་མི་མང་གི་ངོ་རྒོལ་རིགས་བྱུང་ཚེ་བཀག་འགོག་སྔར་ལས་ཤུགས་ཆེ་བ་བྱེད་ཀྱི་ཡོད་པར་བརྗོད་འདུག
ཐེངས་འདིའི་ངོ་རྒོལ་དེ་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་སུ་གཅིག་གིས་ཀྱང་བསྟན་ཡོད་མི་འདུག་ལ། སྤྱི་ཚོགས་དྲྭ་ལམ་ཐོག་མི་སྒེར་ར་གྷ་ནིས་ཀྱིས་ཉེ་ཆར་བྱུང་བའི་གནད་དོན་སྐོར་གླེང་སློང་བྱས་ཚེ་ནག་བསུབ་གཏོང་གི་ཡོད་པར་བརྗོད་འདུག འོན་ཀྱང་། X ཨིག་སི་སྤྱི་ཚོགས་དྲྭ་རྒྱའི་ཐོག་བརྙན་ཁ་ཤས་ཕྱི་ཕྱོགས་སུ་ཤོར་ཡོད་འདུག་ལ། བརྙན་དེ་དག་ནི་ཉིན་འགའ་ཤས་སྔོན་ནས་བྱུང་བའི་བརྙན་ཡིན་འདུག བྷི་བྷི་གསར་ཁང་གིས་ས་གནས་དེའི་འབྲེལ་ཡོད་འགོ་ཁྲིད་དང་འབྲེལ་བ་བྱས་ཡོད་འདུག་ཀྱང་། འགོ་ཁྲིད་ནས་ངོ་རྒོལ་གྱི་གནས་ཚུལ་དེ་འདྲ་བྱུང་མེད་ཚུལ་བརྗོད་ཡོད་པ་ལས་གཞན་གང་ཡང་བཤད་ཡོད་མི་འདུག ཕྱིས་སུ་ས་གནས་ཀྱི་འགོ་ཁྲིད་ཚོས་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག་པ་དང་། བསྒྲགས་གཏམ་དེའི་ནང་ཟླ་བ་འདིའི་འགོ་སྟོད་དུ་(Pucheng)ཟེར་བའི་ས་གནས་སུ་ཡོད་པའི་ལག་ཤེས་སྦྱོང་བརྡར་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་(Dang)ཟེར་བའི་འཛིན་རིམ་གསུམ་པའི་བུ་ཞིག་དང་གཞན་སློབ་མ་འགའ་ཤས་མཚན་མོར་རྩོད་པ་ཤོར་ཡོད་འདུག་ཅིང་། མཚན་མོ་དེ་རང་ལ་སློབ་གྲྭའི་འགོ་ཁྲིད་ཚོས་བར་འདུམ་བྱས་ཡོད་ཀྱང་། ཉིན་རྗེས་མའི་ཞོགས་པར་བུ་དེའི་ཕུང་པོ་སྡོད་ཁང་གི་ཕྱིར་རྙེད་ཡོད་ཚུལ་བརྗོད་འདུག སློབ་གྲྭ་དེའི་ངོས་ནས་བུ་དེ་ཁང་ཐོག་ནས་ཟགས་ཏེ་ཤི་ཡོད་ཚུལ་བཤད་ཡོད་འདུག་ཀྱང་། དོན་དངོས་ཐོག་མི་མང་ཁྲོད་གླེང་སློང་བྱས་དོན་ལ། གནས་ཚུལ་དེ་ལས་རིང་བ་དང་གནད་དོན་གཞན་ཡོད་ཀྱང་། སློབ་གྲྭ་དང་ས་གནས་འགོ་ཁྲིད་ཚོས་དངོས་ཡོད་གནས་ཚུལ་སྦས་སྐུང་བྱེད་ཀྱི་འདུག་ཟེར་ནས་ངོ་རྒོལ་ཆེན་པོ་ལངས་ཡོད་པར་བརྗོད་འདུག
སྤྱི་ཚོགས་དྲྭ་ལམ་ཐོག་མི་མང་ཚོས་སློབ་གྲྭ་དེའི་ནང་ཡོད་པའི་སློབ་མ་གཞན་ཚོས་བུ་དེ་ལ་དབང་ཡོད་བཤད་པའམ་ཐུབ་ཚོད་བཏང་བའི་རྐྱེན་གྱིས་བུ་དེ་རང་ཤི་བརྒྱབ་ཡོད་པར་རྗོད་ཀྱི་ཡོད་འདུག དེ་བཞིན་བུ་དེའི་ཕ་མ་ཚོས་བུའི་གཟུགས་པོ་ཡོངས་རྫོགས་རྨ་རྗེས་གང་ཡོད་པ་མཐོང་ཡོད་འདུག་ཀྱང་། ས་གནས་གཞུང་གིས་བུ་དེའི་ནང་མི་ཚོས་བུའི་གཟུགས་པོར་བརྟག་དཔྱད་བྱེད་རྒྱུའི་ཆོག་མཆན་སྤྲད་མེད་པར་བརྗོད། གནད་དོན་དེ་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་ནས་མི་མང་གིས་ངོ་རྒོལ་རྒྱ་ཆེན་པོ་བྱེད་འགོ་བཙུགས་ཡོད་འདུག ངོ་རྒོལ་སྐབས་སུ་མི་མང་དང་ཉེན་རྟོག་པའི་བར་གདོང་ཐུག་ཤོར་ནས་མི་མང་པོར་རྨས་ཡོད་འདུག་ཅིང་། ད་ཆར་ས་གནས་གཞུང་གི་ཁྲིམས་ཁང་གིས་གནས་དོན་དེ་བདག་པོ་བརྒྱབས་ནས། བུ་དེའི་འཛིན་གྲོགས་སློབ་མ་གཉིས་ལ་བུ་དེ་བསད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག བདུན་འདིའི་གཟའ་ཟླ་བའི་ཉིན་བྷི་བྷི་སི་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་རག་ཡོད་པ་ཞིག་ལ།(the Pucheng Vocational Education Centre)ཟེར་བའི་ལག་ཤེས་སྦྱོང་བརྡར་སློབ་གྲྭ་དེའི་ནང་། བུ་དེ་ཤི་བའི་རྐྱེན་གྱིས་སློབ་གྲོགས་ཚོ་དང་མི་མང་མང་པོས་མེ་ཏོག་ཁྱེར་ནས་མྱ་ངན་བྱེད་བཞིན་ཡོད་པའི་བརྙན་སོགས་རག་ཡོད་འདུག་ལ། ཉིན་དེ་རང་ལ་མི་མང་ཚོས་སློབ་གྲྭའི་འགྲམ་དུ་ངོ་རྒོལ་བྱས་ནས་དྲང་བདེན་གྱི་ཁྲིམས་ཐག་གཅོད་དགོས་པ་དང་སློབ་མ་དེ་ལ་བདེན་པ་དགོས་པའི་སྐད་འབོད་བྱས་ནས་སློབ་གྲྭའི་ཅ་དངོས་མང་པོ་གཏོར་རྒོལ་བྱེད་དུས། ས་གནས་ཉེན་རྟོག་པས་མི་མང་ཐོག་དྲག་གནོན་བྱས་ཡོད་འདུག ཉིན་དེའི་རྗེས་མ་ནས་བཟུང་ད་བར་ས་གནས་དེའི་ནང་གནས་ཚུལ་གང་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་རག་མེད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།