རྒྱ་ནག་འཛམ་གླིང་གི་འགོ་ཁྲིད་ཆགས་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ། རྗེས་འབྲས་མྱོང་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཞན་གྱིས་རྒྱ་ནག་ལ་ཡིད་ཆེས་བྱེད་ཀྱི་མེད་པས་འཛམ་གླིང་གི་འགོ་ཁྲིད་ཆགས་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
ཟླ་༢ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ཆར་བརྙན་འཕྲིན་ལས་རིམ་ཞིག་གི་ཐོག་ཏུ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ལ། རྒྱ་ནག་གིས་ཁ་ཆེ་གྲངས་ཉུང་མི་རིགས་ཡུ་གུར་སོགས་ལ་དྲག་གནོན་དང་བཙོན་འཇུག་གི་བྱ་སྤྱོད་དང་འབྲེལ་ནས་དྲི་བ་དྲིས་སྐབས། ཁོང་གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ཀྱི་རྗེས་འབྲས་མྱོང་རྒྱུ་ཡིན་པ་དང་། དེ་འདྲ་འབྱུང་རྒྱུ་ཡིན་པ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཀྱང་ཤེས་ཀྱི་ཡོད་པ་རེད་ཅེས་དང་། དེ་བཞིན་ཨ་རིས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འགན་བསྐྱར་དུ་འཁུར་རྒྱུ་ཡིན་ཁར། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དུ་འཇུག་རྒྱུ་ཡིན་སྐོར་བརྗོད་འདུག
ཁོང་གིས་མུ་མཐུད་ནས་རྒྱ་ནག་གིས་འཛམ་གླིང་འགོ་ཁྲིད་ཆགས་ཐབས་སུ་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། འགོ་ཁྲིད་ཀྱི་མིང་ཐོབ་ཆེད་དང་འགོ་ཁྲིད་བྱེད་པར་རྒྱལ་ཁབ་གཞན་གྱི་ཡིད་ཆེས་ཐོབ་དགོས་ཀྱི་ཡོད་པས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་མ་བྱས་པའི་བར་དུ། རྒྱལ་ཁབ་གཞན་གྱི་ཡིད་ཆེས་ཐོབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
ཟླ་བ་འདིའི་ནང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་བར་ཆུ་ཚོད་གཉིས་ཙམ་གྱི་རིང་ཁ་པར་བརྒྱུད་སྐད་ཆ་བཤད་ཡོད་འདུག་པ་དང་། སྐབས་དེར་རྗོ་བྷའེ་ཌན་གྱིས་རྒྱ་ནག་གི་དྲང་བདེན་མིན་པའི་ཚོང་འབྲེལ་ལས་དོན་དང་། ཧོང་ཀོང་དང་ཡུ་གུར་མི་རིགས་ལ་དྲག་གནོན་དང་བཙོན་འཇུག་སོགས་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཐའེ་ཝན་ལ་རྒྱ་ནག་གི་སྡིགས་བསྐུལ་བྱ་སྤྱོད་སྐོར་གླེང་སློང་བྱས་ཡོད་པ་རེད་འདུག
རྒྱ་ནག་གཞུང་གི་དབང་ཤུགས་དང་བཙན་གནོན་འོག་ཏུ་ཡོད་མཁན་མི་རིགས་མང་པོ་ཞིག་གིས། རྗོ་བྷའེ་ཌན་སྲིད་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་བསྐྱར་གསོ་བྱེད་ཆེད་དུ། འགྲོ་བ་མིའི་ཐོབ་ཐང་དང་ཐའེ་ཝན་གྱི་གནད་དོན་ཐོག རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་རྒྱུ་མིན་པའི་སེམས་འཚབ་བྱེད་བཞིན་ཡོད་པ་རེད་དེ། རྗོ་བྷའེ་ཌན་གྱི་དམ་འབུལ་མཛད་སྒོར་ཐའེ་ཝན་གྱི་གཞུང་ཚབ་མགྲོན་འབོད་བྱས་ཡོད་འདུག་པ་དང་། དེ་ལ་བརྟེན་ནས་ཐའེ་ཝན་དང་ཨ་རིའི་འབྲེལ་ལམ་བརྟན་པོ་གནས་རྒྱུ་ཡིན་པར་རེ་བ་བྱེད་མཁན་མང་པོ་བྱུང་ཡོད་པ་རེད། དེ་བཞིན་ཡུ་གུར་མི་རིགས་ཐོག་བཙན་གནོན་དང་བཙོན་འཇུག བཙན་གཡེམ་སོགས་ཀྱི་གནད་དོན་དང་སྦྲགས་ནས། ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས། གནས་ཚུལ་དེས་སེམས་འཚབ་ཆེན་པོ་བཟོས་ཡོད་པ་དང་། དཔྱོད་ཤེས་ལ་གཡོ་འགུལ་ཆེན་པོ་བཏང་ཡོད་པས། ཡ་ལན་ཤུགས་ཆེན་སྤྲོད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་པ་རེད།
རྒྱ་ནག་གིས་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༢ ལས་མང་བ་བཀག་ཉར་ཁང་མང་པོ་ཞིག་ཏུ་བཙན་གྱིས་བཅུག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དང་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་ཁར། བཀག་ཉར་འོག་ཡོད་པའི་ཕ་མ་རྣམས་ཀྱི་ཕྲུ་གུ་མང་པོ་ཞིག་ཆེད་དུ་བཟོས་པའི་གཏན་སློབ་ཁང་དུ་བཞག་ནས་བསམ་བློ་སྒྱུར་བཅོས་གཏོང་ཐབས་བྱེད་ཀྱི་ཡོད་འདུག ཡུ་གུར་བུད་མེད་རྣམས་ཕྲུ་གུ་སྐྱེ་ནུས་མེད་པ་བཟོ་བ་དང་། བཙོན་འཇུག་འོག་ཡོད་པའི་ཡུ་གུར་བུད་མེད་རྣམས་ལ་གོ་རིམ་ལྡན་པའི་ཐོག་ནས་བཙན་གཡེམ་དང་མནར་གཅོད་གཏོང་གི་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱལ་སྤྱིའི་ནང་ཐོན་ནས་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་ཀྱང་། རྒྱ་ནག་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།