ཆེད་བརྗོད།
ཉེ་ཆར་རྒྱ་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠ པ་ཟེར་བའི་ཐོག་ཏུ་ཞི་ཅིན་ཕིང་བསྐྱར་དུ་དམར་ཤོག་ཚོགས་པའི་འགོ་ཁྲིད་གྱི་དབང་ཆ་བསྐྱར་དུ་དམ་འཛིན་བྱས་ཡོད་ཅིང། དེ་ནི་སྔོན་མ་དུས་ཡུན་ལོ་བཅུ་ལས་བརྒལ་ཏེ་མུ་མཐུད་སྡོད་མི་ཆོག་པའི་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་ས་མཚམས་མེད་པ་བཟོས་ཡོད་པ་དང། དེ་ནི་ཞི་ཅིན་ཕིང་ཇི་སྲིད་འཚོ་བའི་བར་རྒྱ་ནག་གི་དབང་ཆ་མཁྲེགས་འཛིན་བྱ་རྒྱུའི་ཧམ་སེམས་ཤིག་ཏུ་གྱུར་ཡོད། ད་ལྟའི་ཆར་ཞི་ཅིན་ཕིང་ནི་རྒྱ་ནག་ནང་མའོ་ཡི་རྗེས་སུ་དབང་ཆ་ཆེ་ཤོས་འཛིན་མཁན་དང་ཧམ་ཤེད་ཆེ་ཤོས་སུ་གྱུར་ཡོད། ཏིན་ཞའོ་ཕིང་རྒྱ་ནག་ཡར་རྒྱས་ཀྱི་ལམ་དུ་ཁྲིད་མཁན་གྱི་འགོ་ཁྲིད་ཅིག་ཡིན་པ་དང། དོན་གྱི་ཆ་ནས་ཁོ་རང་དབང་ཆ་ཆེ་ཤོས་ཡིན་ནའང། རྣམ་པའི་ཐོག་ནས་ཧྥ་གོ་ཧྥུང་དང། ཧུའུ་ཡོ་པང། ཀྲོ་ཙི་ཡང་སོགས་རྒྱ་ནག་དམར་ཤོག་ཚོགས་པ་དང། སྲིད་གཞུང་གི་འགོ་ཁྲིད་དུ་བསྐོ་གཞག་བྱས་ཡོད་པས། ཏིན་ཞའོ་ཕིང་ནི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་ལྟ་བུའི་སྒེར་གྱི་ངོས་ནས་ཧམ་ཤེད་ཅན་ཞིག་མིན་པ་མཚོན་ཐུབ།
རྩ་བས་ཏིན་ཞའོ་ཕིང་གིས་ཕྱི་ལོ་༡༩༨༩ ལོའི་སློབ་མའི་ཡར་ལངས་དྲུག་བཞིའི་དོན་རྐྱེན་ལ་དྲག་གནོན་དང་དམར་གསོད་ཀྱི་ལས་འགུལ་སྤེལ་མྱོང་བས། གུ་ཡངས་ཅན་ཞིག་མིན་ནའང། མའོ་དང་། ཞི་ཅིན་ཕིང་ལྟ་བུའི་སྒེར་གཅོད་ཅན་ཞིག་ཀྱང་གཏན་ནས་མིན། རྒྱ་ནག་དམར་ཤོག་གི་སྲིད་དབང་འཛིན་མཁན་ནང་དབང་ཆ་ཡོངས་རྫོགས་དམ་འཛིན་བྱེད་ཐུབ་མཁན་ནི་གཙོ་བོ་མའོ་ཙི་ཏུང་དང། ཏིན་ཞའོ་ཕིང། ཞི་ཅིན་ཕིང་བཅས་ཡིན་པ་ལས་གཞན་རྣམས་ནི། ཕྱོགས་ཡོངས་ནས་བརྒྱ་ཁ་གཅིག་གཅོད་བྱེད་པའི་ནུས་པ་ཡོད་མཁན་ཞིག་མིན། གང་ལྟར་ད་ལྟའི་དུས་ཚོད་འདིར་ཞི་ཅིན་ཕིང་ནི། རྒྱ་ནག་དམར་ཤོག་གི་དབང་ཆ་ཚང་མ་ཁོ་རང་མི་གཅིག་གིས་གཅིག་སྡུད་བྱས་ནས་འཇུས་ཡོད་པ་མ་ཟད། བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་སུ་དམ་དྲག་ཤུགས་ཆེ་བྱས་པ་སོགས་ཀྱིས་ཁོ་ནི་ད་ལྟའི་དུས་འདིར་འཛམ་གླིང་འདིའི་སྟེང་དུ་གདུག་རྩུབ་ཆེ་ཤོས་ཀྱི་དཔོན་ངན་ཞིག་ཡིན་པ་དེ་བོད་མི་ཙམ་མ་ཡིན་པར་རྒྱ་མིའི་ནང་དུའང་ངོས་འཛིན་བྱེད་མཁན་མང་པོ་ཡོང་གི་ཡོད་པ་མངོན་གསལ་དུ་གྱུར་ཡོད།
དེང་སྐབས་རྒྱ་ནག་ནང་སྐད་གྲགས་ཆེ་བའི་སློབ་ཆེན་རྣམས་ཀྱིས་གཙོས་ས་གནས་མང་པོ་ཞིག་ཏུ་རྒྱ་དམར་གཞུང་གི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པ་དང། ཞི་ཅིན་ཕིང་ལས་གནས་ནས་འབབ་དགོས་པ། མི་མང་ལ་རང་དབང་དགོས་པ་སོགས་དགོས་འདུན་འདོན་བཞིན་པ་ནི། ཕྱོགས་གཅིག་ནས་ཞི་ཅིན་ཕིང་གིས་དབང་ཆ་གཅིག་སྡུད་བྱེད་རྒྱུ་མང་དྲགས་པ་དང། སྤྱི་ཚོགས་ནང་དམ་དྲག་བྱེད་པ་ཙམ་མ་ཡིན་པར་ཁོ་རང་དང་ལྟ་ཚུལ་མི་མཐུན་པ་དང། དེའི་ཕྱོགས་གཏོགས་རྗེས་འབྲངས་དང་བཅས་པ་རྩ་མེད་གཏོང་རྒྱུའི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཡོད་པ་སོགས་ལ་བརྟེན་ནས། དཔོན་རིགས་ནང་ཁུལ་ནས་ཁོ་པར་མི་དགའ་བར་འཁོན་འཛིན་བྱེད་མཁན་མང་པོ་ཡོད་པས། ད་ལན་ལས་འགུལ་འདི་ཕྱོགས་གཅིག་ནས་མཐོ་སློབ་སློབ་ཕྲུག་དང། གཞི་རིམ་སྤྱི་ཚོགས་ནས་འགོ་བཙུགས་པ་ལྟ་བུ་ཡོད་ཀྱང། དོན་དངོས་སུ་ལས་འགུལ་འདིའི་རྒྱབ་ཏུ་ནུས་པ་ཅན་གྱི་མི་སྣ་གང་མང་ཞིག་ཡོད་སྲིད། དེར་བརྟེན་ད་ལྟའི་ལས་འགུལ་འདི་ལ་མཚོན་ན་བོད་པར་འཐོབ་དཀའ་བའི་གོ་སྐབས་ཤིག་ཏུ་གྱུར་ཡོད།
རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་མཁྲེགས་སུ་འགྲོ་བཞིན་པ་དང། རྒྱལ་སྤྱིིའི་སྟེང་ནས་རྒྱ་ནག་ལ་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་པ། རྒྱ་ནག་མི་མང་གིས་དམར་ཤོག་གཞུང་གི་ལམ་ལུགས་ལ་ངོ་རྒོལ་བྱེད་བཞིན་པ་བཅས་གང་ལའང་མི་ལྟོས་པར། བོད་མིིའི་སྒྲིག་འཛུགས་ཀྱིས་མ་འོངས་པར་བོད་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་སྡོད་རྒྱུ་དང། རྒྱ་ནག་དམར་ཤོག་གི་ལམ་ལུགས་ལ་འགྱུར་བ་མི་དགོས་པ། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་རང་སྐྱོང་ཙམ་ཡོང་ན་མི་འགྲིག་པ་མེད་པའི་ལྟ་ཚུལ་མུ་མཐུད་བཟུང་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་རག་དཀའ་བ་དང། རྒྱ་གཞུང་གིས་ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་གཏོང་སྲིད་པ། བོད་དོན་དང་འབྲེལ་བ་ཆེ་ཤོས་རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་ཟུར་པ་དང་མི་རིགས་སྐོར་གྱི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་མི་རིགས་སྐོར་གྱི་ཁྲིམས་ལ་འགྱུར་བ་གཏོང་དགོས་པ་ཡིག་ཐོག་ནས་སྤེལ་ཟིན་པས། མ་འོངས་པར་རྩ་ཁྲིམས་ཐོག་ནས་གཞི་འཛིན་ས་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས།
མདོར་ན་ད་ཆ་ཆབ་སྲིད་ཀྱི་ཁོར་ཡུག་དང་གནས་སྟངས་གང་ཐད་ནས་བོད་དོན་ཐོག་རྒྱ་གཞུང་ལ་རེ་བ་རྒྱག་རྒྱུ་མང་སོང་ན་དོན་དག་འགྲུབ་དཀའ་བ་ལྟ་བུར་གྱུར་ཟིན། རྒྱ་གཞུང་གི་བྱེད་སྟངས་དང་སྲིད་བྱུས་ལ་རྒྱལ་སྤྱི་དང་། རྒྱ་མི་རིགས་ཀྱི་ནང་ནས་ཀྱང་ངོ་རྒོལ་བྱེད་བཞིན་པའི་སྐབས་འདིར། བོད་པས་དེ་དང་མི་འཚམས་པ་ཞིག་བྱས་ན་འོས་འཚམས་མིན་པ་ཙམ་དུ་མ་ཟད། ཉེ་བའི་ལོ་བཅུ་ཕྲག་གཉིས་ཙམ་རིང་དབུ་མའི་ལམ་དྲིལ་བསྒྲགས་དང། རྒྱ་གཞུང་དང་གཙོ་བོ་རྒྱ་མི་རིགས་མཉམ་འཆམ་མཐུན་དགོས་པ་སོགས་ཀྱི་ལས་འགུལ་སྤེལ་དྲགས་ནས་བོད་པའི་སྤྱི་ཚོགས་ནང་རྒྱ་གཞུང་གི་གསང་ཉུལ་བྱས་པའི་མིང་ཐོག་ནས་འཛིན་བཟུང་བྱས་པ། ཨ་རི་དང། སུད་ཌན། ལྡི་ལི་སོགས་སུ་བྱུང་ཡོད་ཀྱང། བོད་པའི་ནང་དེ་ལ་ཧ་ལས་པའི་ལྟ་ཚུལ་འཛིན་མཁན་མེད་པར། རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་ཧ་ཅང་ཞན་དུ་སོང་ནས་བོད་དོན་འཆི་ལ་ཉེ་བ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་རྒྱ་ནག་ནང་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོང་ན་དེ་བོད་པའི་གོ་སྐབས་བཟང་པོ་ཡིན་པས་དམ་འཛིན་བྱེད་དགོས་པ་དེ་ཧ་ཅང་གལ་ཆེ་སྙམ།།