རྒྱ་ནག་ལ་ཁ་གཏད་གཅོག་པའི་ཆེད། འཛམ་གླིང་མི་མང་ཚོར་ཨོ་གླིང་གི་རྒུན་ཆང་ཉོ་བའི་འབོད་སྐུལ།

 རྒྱ་ནག་གིས་“ཨོ་སི་ཁྲུ་ལི་ཡར་ཐུབ་ཚོད་”གཏོང་བཞིན་པ་དེས་འཛམ་གླིང་ལ་འཇིགས་སྐུལ་བྱེད་མི་ཐུབ་པ་དང་། རྒྱ་ནག་གི་ཁ་གཏད་ལ་ལངས་པའི་ཨོ་སི་ཁྲུ་ལི་ཡར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། འཛམ་གླིང་གི་ས་ཕྱོགས་དང་རྒྱལ་ཁབ་གང་སར་ཡོད་པའི་མི་མང་ས་ཡ་མང་པོ་ལ་ཨོ་སུ་ཁྲུ་ལི་ཡ་ནས་ཐོན་པའི་རྒུན་ཆང་ཉོ་དགོས་པའི་འབོད་སྐུལ་བྱས་འདུག 

རྒྱ་ནག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པས་(Inter-Parliamentary Alliance on China) འཛམ་གླིང་མི་མང་ཚོས་ཕྱི་ཟླ་༡༢ ནང་ཨོ་སི་ཁྲུ་ལི་ཡའི་རྒུན་ཆང་ཉོས་ནས་འཐུང་དགོས་པའི་ལས་འགུལ་གསར་པ་ཞིག་བརྩམས་འདུག་ཅིང་། དེ་ནི་གཙོ་བོ་རྒྱ་ནག་གི་ཁ་གཏད་དུ་ལངས་པའི་ཨོ་སི་ཁྲུ་ལི་ཡར་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། མང་གཙོའི་རྒྱལ་ཁབ་རྣམས་མཐའ་གཅིག་ཏུ་རྒྱ་ནག་གི་ལྡོག་ཕྱོགས་སུ་ལང་རྒྱུ་ཡིན་པའི་རྣམ་འགྱུར་མཚོན་ཆེད་ཡིན་འདུག 

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་དེ་ནི་ཆེད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་གཅོག་ཆེད་དུ་བཙུགས་པའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེའི་ནང་རྒྱལ་ཁབ་༡༩ ནས་ཡོང་བའི་ཆབ་སྲིད་ཚོགས་པ་སྣ་ཚོགས་ཀྱི་འཐུས་མི་༢༠༠ ལྷག་ཡོད། 

ཐེངས་འདིའི་ལས་འགུལ་འདི་ནི། རྒྱ་ནག་གིས་ཨོ་སི་ཁྲུ་ལི་ཡའི་རྒུན་ཆང་ལ་སྒོ་ཁྲལ་བརྒྱ་ཆ་༢༡༢ ཙམ་ཡར་སྤར་ནས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ཧྲིལ་པོ་དང་། ལྷག་པར་དུ་ཨོ་སི་ཁྲུ་ལི་ཡའི་རྒུན་ཆང་བཟོ་ཚོང་མཁན་རྣམས་ལ་གནོན་ཤུགས་སྟེར་ཐབས་བྱེད་བཞིན་པའི་སྐབས་སུ་སྤེལ་བ་ཞིག་ཡིན་འདུག 

རྒྱ་ནག་གི་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་པའི་བཙན་ཤེད་ཀྱི་བྱ་སྤྱོད་ལ་ཁ་གཏད་གཅོག་པའི་སླད་དུ་བཙུགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ཚོགས་པ་དེས་བཏང་བའི་བརྙན་ཐུང་ནང་། ཨ་རི་དང་། ཉི་ཧོང་། ཨི་ཏྲ་ལི། ཇར་མན། ནེའུ་ཛི་ལན་ཌི་ལ་སོགས་པའི་མང་གཙོའི་རྒྱལ་ཁབ་དག་གི་འཐུས་མི་ཚོས་སོ་སོའི་མི་སེར་རྣམས་ལ་ཨོ་སི་ཁྲུ་ལ་ཡའི་རྒུན་ཆང་ཉོ་ནས་རྒྱ་ནག་མགོ་བོ་སྒུར་མི་འདོད་པའི་རྣམ་འགྱུར་སྟོན་དགོས་པའི་སྐུལ་མ་བྱས་འདུག 

ལས་འགུལ་གྱི་བརྙན་ཐུང་དེའི་ནང་། ཐོག་མར་གྲོས་ཚོགས་འཐུས་མི་ཚོས་སོ་སོའི་རྒྱལ་ཁབ་ནས་ཐོན་པའི་རྒུན་ཆང་ལ་བསྟོད་པ་བྱས་པའི་རྗེས། མི་མང་ཚོ་ལ་“ང་ཚོའི་གྲོགས་པོ་ལ་ང་ཚོའི་རོགས་རམ་མཁོ་བས།” སི་ཁྲུ་ལི་ཡའི་རྒུན་ཆང་ཉོས་ཞེས་སྐུལ་མ་བྱེད་ཀྱི་འདུག 

མང་གཙོའི་འཛམ་གླིང་དང་རྒྱ་ནག་གི་འགལ་བ་རྣམས་ཇེ་གསལ་དང་ཇེ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཨོ་སི་ཁྲུ་ལི་ཡའི་རྒུན་ཆང་ཉོ་བའི་ལས་འགུལ་འདི་མང་གཙོའི་རྒྱལ་ཁབ་དག་གིས་རྒྱ་ནག་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་འདོད་པའི་ཆབ་སྲིད་ཀྱི་རྣམ་འགྱུར་ཞིག་ཏུ་འགྱུར་བཞིན་ཡོད་འདུག་སྟེ། ཨ་རིའི་རྒྱལ་སྲུང་ལས་ཁུངས་ནས་བདུན་ཕྲག་འདིའི་ནང་ཕོ་བྲང་དཀར་པོའི་གསོལ་སྟོན་སྐབས་ཆེད་དུ་ཨོ་སི་ཁྲུ་ལི་ཡའི་རྒུན་ཆང་བཀོལ་སྤྱོད་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།