རྒྱ་ནག་ལ་གནོད་པའི་བྱ་སྤྱོད་གཅིག་ཀྱང་བལ་ཡུལ་ནང་སྤེལ་འཇུག་རྒྱུ་མིན་ཞེས་བལ་ཡུལ་སྲིད་བློན་ནས་བཤད་འདུག
བལ་ཡུལ་ནང་ད་ཆར་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོང་བཞིན་པ་དང་། དམིགས་བསལ་བལ་ཡུལ་གྱི་ཚོང་འབྲེལ་དང་ཕྱི་འབྲེལ་ཐད་རྒྱ་ནག་དང་ཐག་ཉེ་བོ་ཡོད་པའི་སྐབས་འདིར། བལ་ཡུལ་གཞུང་གི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་སྔར་ལས་བརྩི་བཀུར་དང་ཆེ་མཐོང་མཚོན་ཆེད་དུ་བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་བྱ་སྤྱོད་རིགས་གཅིག་ཀྱང་སྤེལ་འཇུག་གི་མིན་ཞེས་བལ་ཡུལ་སྲིད་བློན་གྱིས་བསྐྱར་དུ་བཤད་འདུག
ཕྱི་ཚེས་༢༠ ཉིན་(The Hindu)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་སྲིད་བློན་(K.P. Sharma Oli)ཀེ་པེ་ཤར་མ་ཨོ་ལེས་ཀྱིས་བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་བྱ་སྤྱོད་རིགས་གཅིག་ཀྱང་སྤེལ་རྒྱུའི་ཆོག་མཆན་སྤྲོད་ཀྱི་མེད་ཅེས་བརྗོད་ཡོད་པར་བཤད་འདུག་ལ། ཉིན་དེར་སྲིད་བློན་ཁོ་རང་གི་སྡོད་གནས་སུ་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་(Chen Jining)ཁྲེམ་ཅི་ནེང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་གནད་ཡོད་མི་སྣའི་ཚོགས་ཆུང་ཞིག་དང་ཐུག་འཕྲད་སྐབས་སུ་དེ་ལྟར་བཤད་ཡོད་འདུག
སྐད་ཆ་དེ་ནི་བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ནན་དང་བརྩི་མཐོང་ཆེན་པོ་སྤྲོད་ཀྱི་ཡོད་པ་མངོན་གསལ་དོད་པོ་ཡིན་པར་བརྗོད། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་ལྷན་དུ་འབྲེལ་ལམ་འཛུགས་དུས་ཐའེ་ཝན་ནི་རྒྱ་ནག་དང་ཁ་བྲལ་དུ་ཕྱིན་པའི་ཞིང་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཞན་སུས་རྒྱ་ནག་དང་ལྷན་དུ་འབྲེལ་བ་འཛུགས་འདོད་ཡོད་རིགས་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་ཆ་རྐྱེན་འཇོག་གི་ཡོད་པར་བརྗོད་འདུག ཐུག་འཕྲད་སྐབས་སུ་བལ་ཡུལ་སྲིད་བློན་གྱིས་བལ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་རྒྱ་ནག་གིས་རྒྱབ་སྐྱོར་མུ་མཐུད་དུ་བྱེད་རྒྱུའི་རེ་བ་བཏོན་ཡོད་འདུག་ལ། བལ་ཡུལ་སྲིད་བློན་གྱི་དྲུང་ཆེའི་ལས་ཁུངས་ཀྱིས་བརྗོད་ཡོད་པ་ཞིག་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱ་ནག་དམར་ཤོག་གཞུང་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་( མར་ཁེ་སི་ལིེ་ཉི་རིགས་ལུགས)་གཉིས་དབར་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་གྲོས་བསྡུར་བྱུང་ཡོད་པར་བརྗོད་འདུག
ད་ལྟའི་བལ་ཡུལ་གྱི་སྲིད་བློན་ནི་བལ་ཡུལ་དམར་ཤོག་ཚོགས་པའི་ཚོགས་གཙོ་ཡིན་པ་དང་རྒྱ་ནག་ལ་ཧ་ཅང་གིས་དགའ་ཞེན་ཡོད་མཁན་ཞིག་ཡིན་པར་བརྗོད། རྒྱུ་མཚན་དེ་ལ་བརྟེན་ནས་ད་ཆར་བལ་ཡུལ་དང་རྒྱ་ནག་གཉིས་བར་གཞུང་དང་གཞུང་བར། མི་མང་དང་མི་མང་བར་ཚོང་འབྲེལ་དང་རིག་གཞུང་སོགས་ཀྱི་ཐོག་ནས་མཉམ་ལས་མུ་མཐུད་ནས་བྱེད་དགོས་པར་བརྗོད་ཡོད་འདུག བལ་ཡུལ་གྱི་སྲིད་བློན་ནས་རྒྱ་ནག་དམར་ཤོག་གཞུང་དང་ཞི་ཅིན་ཕིང་གི་བཀའ་དྲིན་ལ་བརྟེན་ནས་རྒྱ་ནག་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་པོ་དབུལ་འཕོངས་ཉམ་ཐག་ནས་སྐྱོབ་ཐུབ་ཡོད་པར་བརྟེན། མ་འོངས་པར་བལ་ཡུལ་ཡང་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱས་ནས་དཔལ་འབྱོར་ཐོག་རོགས་རམ་རག་ཐུབ་པའི་རེ་བ་ཡོད་ཚུལ་བརྗོད་ཡོད་པར་བཤད། སྲིད་བློན་གྱིས་ད་དུང་རྒྱ་ནག་གི་གཟིགས་སྐོར་ཚོགས་ཆུང་དེ་ལ་བལ་ཡུལ་ནང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཆེ་ཤོས་གཉིས་ཀྱི་མཉམ་འབྲེལ་ཐོག་ནས་རྒྱལ་ཁབ་ནང་ཆབ་སྲིད་སྲ་བརྟན་ཡོང་རྒྱུར་འབད་རྒྱུ་ཡིན་པར་བརྗོད་ཡོད་པར་བཤད།
ཧྲང་ཧེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཡིན་པའི་(Chen Jining)ཁྲེན་གྱིས་བལ་ཡུལ་གྱི་བདེ་སྐྱིད་དང་དཔལ་འབྱོར་ལ་རྒྱ་ནག་གིས་རྒྱབ་སྐྱོར་བསྐྱར་དུ་བྱེད་རྒྱུ་ཡིན་པ་དང་། པེ་ཅིང་གིས་བལ་ཡུལ་ཆབ་སྲིད་ཚོགས་པས་ཁས་བླངས་པའི་ཐག་གཅོད་ལ་རྟག་ཏུ་བརྩི་བཀུར་ཞུ་རྒྱུ་ཡིན་སྐོར་བཤད་ཡོད་ཚུལ་བརྗོད་འདུག མཛད་སྒོའི་སྐབས་སུ་སྲིད་བློན་གྱི་སློབ་སྟོན་པ་གཙོ་བོ། (Bishnu Prasad Rima བལ་ཡུལ་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་(Raghubir Mahaseth) བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་(Chen Song)ཁྲེན་སོང་བཅས་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།