རྒྱ་ནག་ལ་གྲོགས་པོ་ཉུང་ཞིང་ཡིད་རྟོན་རུང་བ་མེད། 

ཌེ་རིག-གྷོ་རོ་སི་མན་(Derek Grossman)གྱིས་བརྩམས། 

དཀོན་མཆོག་རབ་བརྟན་གྱིས་བསྒྱུར། 

ཨ་རྒྱ་གཉིས་ཀྱི་འགྲན་རྩོད་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། རྒྱལ་ཁབ་གཉིས་ཀས་ཚ་ཚ་འུར་འུར་ངང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཉེ་འཁོར་དང་། དེའི་ཕྱི་རོལ་ལ་མཛའ་འབྲེལ་འཛུགས་པའི་འབད་བརྩོན་བྱེད་ཀྱི་ཡོད། དེ་ལྟ་བུའི་མཛའ་འབྲེལ་གྱིས་དམག་གི་རྟེན་གཞི་འཛུགས་ས་ནས་སོ་སོར་མཁོ་བའི་ཆབ་སྲིད་ཀྱི་མཇུག་འབྲས་དང་། ཚོང་གི་གོ་སྐབས་བཟང་པོ་སོགས་ལ་ཕན་ཐོགས་ཡོང་ངེས།

ཊོམ་སྲིད་གཞུང་གིས་[རྒྱལ་ཁབ་གཞན་རྣམས་ལ་]ཚོང་དམག་གི་འཇིགས་སྐུལ་གཏོང་བ་དང་། ཨ་རིའི་མནའ་མཐུན་རྒྱལ་ཁབ་དག་གི་དགོས་མཁོར་དོགས་འདྲི་བྱེད་པ་བཅས་ལ་མ་ལྟོས་པར་ཨ་རིས་རྒྱལ་ཁབ་ཀྱི་འབྲེལ་ལམ་ཐད་ནས་ལས་དོན་ཤིན་ཏུ་ལེགས་པོ་བསྒྲུབས་ཡོད་དེ། ཧྥི་ལིད་ཕེན་(Philippines) དང་ཐེ་ལན་ཌི་(Thailand) གཉིས་ཀྱིས་རྒྱ་ནག་ལ་དགའ་མདོག་བསྟན་ཡོད་ན་ཡང་། ཨ་རིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་མནའ་མཐུན་རྒྱལ་ཁབ་ཚོ་(ཨོ་སི་ཁྲུ་ལི་ཡ་དང་། ཉི་ཧོང་། ཧྥི་ལིད་ཕེན་སི། ལྷོ་ཀོ་རི་ཡ། ཐེ་ལན་ཌི་བཅས་ཡིན)དང་འབྲེལ་ལམ་ཟབ་ཏུ་བཏང་ཡོད། 

ཨ་རིས་རྒྱ་གར་དང་འབྲེལ་ལམ་བཟང་དུ་གཏོང་བ་དང་། གཞུང་འབྲེལ་མ་ཡིན་པའི་ཐའེ་ཝན་གྱི་འབྲེལ་བ་སྲ་བརྟན་བཟོ་བ། ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་དག་ལ་འབྲེལ་མཐུད་མང་དུ་གཏོང་བ། ལྷོ་ཤར་ཨེ་ཤི་ཡ་ཡོངས་སུ་འགྲན་རྩོད་སྔར་བས་ཆེ་བ་བཅས་བྱས་ཡོད་པ་མ་ཟད། ཨ་རིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་སུ་གཅིག་གིས་ཐེ་ཇུས་མེད་པར་རང་དབང་དུ་འཇོག་འདོད་པའི་དམིགས་ཡུལ་དེ་ད་ལྟ་དབྱིན་ཇི་དང་། འཇར་མན། ཧྥ་རན་སི་ལྟ་བུའི་ནུབ་ཕྱོགས་ཡུ་རོབ་ཀྱི་རྒྱལ་ཁབ་དག་ཏུའང་གཅིག་མཚུངས་སུ་ཡོང་གི་ཡོད། དེ་ཡིས་མ་ཚད། ཨ་རིས་མཐུན་གྲོགས་རྒྱལ་ཁབ་རྣམས་དང་མཉམ་འབྲེལ་སྔར་བས་ཀྱང་ཤུགས་ཆེ་རུ་བཏང་ཡོད་དེ། བདུན་ཕྲག་གོང་མ་རང་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo) ཡིས་མང་གཙོའི་རྒྱལ་ཁབ་བཞི་(Quad) ཡི་གྲོས་མོལ་གསར་ཤོས་དེའི་ཆེད་ཉི་ཧོང་གི་རྒྱལ་ས་ཋོའུ་ཁོའོ་(Tokyo) རུ་ཨོ་སི་ཁྲུ་ལི་ཡ་དང་། རྒྱ་གར། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་དང་ཐུག་འཕྲད་བྱས་ཡོད་པ་དང་། ཁོ་ཚོས་དངོས་སུ་བརྗོད་མེད་ན་ཡང་། གླེང་གཞི་གཙོ་བོ་ནི་ཇི་ལྟར་རྒྱ་ནག་འགོག་རྒོལ་བྱེད་རྒྱུ་དེ་ཡིན་པ་གསལ་པོ་རེད།

དེ་ལས་ལྡོག་སྟེ་རྒྱ་ནག་གིས་ཉེ་བའི་ལོ་ཤས་ནང་ཁྱིམ་མཚེས་ཚོའི་ཡིད་ཆེས་གཏོར་བརླག་བཏང་ཡོད། རྒྱ་ནག་གི་ཧམ་བཤད་དང་། དབང་ཤེད་ཀྱི་ཕྱི་འབྲེལ་སྲིད་བྱུས། བཙན་གནོན་འཇིགས་སྐུལ་བཅས་ཀྱིས་གྲོགས་པོ་གསར་པ་གཅིག་ཀྱང་ཐོབ་མེད། རྒྱ་ནག་གིས་མནའ་འབྲེལ་མཐུན་གྲོགས་གཅིག་ཀྱང་ཉར་གྱི་མེད་པ་དང་། འབྲེལ་ལམ་འཛུགས་ཡུལ་ཕལ་ཆེ་བ་ནི་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཕྱི་ལ་བུད་པའི་རྒྱལ་ཁབ་ཡིད་རྟོན་བྲལ་བ་དང་། གལ་ཆུང་བ་རྣམས་ཆགས་ཡོད། 

དེའི་དཔེ་མཚོན་དུ་རྒྱ་ནག་གི་སྟོབས་ཤུགས་ཆེ་ཤོས་ཀྱི་གྲོགས་པོ་རཱ་ཤི་ཡ་བཞག་ན། ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་བཟུང་བ་ནས་བཟུང་། ཁོ་དང་རཱ་ཤི་ཡའི་སྲིད་འཛིན་ཕུ་ཋིན་(Vladimir Putin) གཉིས་ཐེངས་བཅུ་ཕྲག་མང་པོར་ཐུག་འཕྲད་བྱས་པའི་ཁར། ཐེངས་གཅིག་ལ་ཞི་ཅིན་ཕིང་གིས་ཕུ་ཋིན་ལ་“ངའི་སྙིང་ཉེ་བའི་གྲོགས་པོ་བཟང་ཤོས་”ཞེས་བོས་ཡོད། རྒྱལ་ཁབ་གཉིས་ལ་གཅིག་མཐུན་གྱི་ཁེ་ཕན་མང་པོ་ཞིག་ཡོད་པ་ལས། གལ་ཆེ་ཤོས་གཅིག་ནི། ནུབ་ཕྱོགས་ཀྱི་མང་གཙོའི་སྒྲིག་ཁྲིམས་གཞི་རུ་བཟུང་བའི་ལམ་ལུགས་མེད་པ་བཟོས་ནས་སྒེར་གཅོད་ལམ་ལུགས་གོང་འཕེལ་གཏོང་རྒྱུ་དེ་ཡིན། རཱ་ཤི་ཡས་ཀྱང་རང་བཞིན་གྱིས་ཨ་རིའི་ཁེ་ཕན་ལ་འགོག་རྒོལ་བྱེད་ཀྱི་ཡོད་ཅིང་། དེ་ནི་ཏག་ཏག་རྒྱ་ནག་གི་དགོས་མཁོ་དང་འཚམ་ཡོད།

ཡིན་ན་ཡང་། རྒྱ་ནག་དང་རཱ་ཤི་ཡ་གཉིས་ཀྱིས་གསང་བའི་གྲོས་མཐུན་འཇོག་པ་དང་། དམག་སྦྱོང་སྤེལ་རེས། དམག་ཤུགས་བརྗེ་ལེན། ད་དུང་རང་སྲུང་གི་མཉམ་འབྲེལ་སོགས་བྱས་ཏེ་མུ་མཐུད་རྒྱལ་སྲུང་གི་མཉམ་འབྲེལ་བཟང་དུ་གཏོང་བཞིན་ཡོད་རུང་། ཁོ་གཉིས་ཀས་ཕན་ཚུན་ལ་དོགས་ཟོན་ཤིན་ཏུ་ནན་པོ་བྱེད་ཀྱི་ཡོད། 

སྔར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་འོག་ཏུ་ཡོད་པའི་དབུས་ཨེ་ཤི་ཡའི་(Central Asia) རྒྱལ་ཁབ་ཁག་ཏུ་པེ་ཅིང་སྲིད་གཞུང་གི་དབང་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་བཞིན་པ་དེར་རཱ་ཤི་ཡ་དགའ་ཡི་མེད་ལ། རཱ་ཤི་ཡས་རྒྱ་ནག་བྱང་སྣེའི་ཁུལ་(Artic) དུ་ཐེ་བྱུས་བྱེད་དུ་འཇུག་འདོད་མེད། དེ་ཡིས་མ་ཚད་རཱ་ཤི་ཡས་རྒྱ་གར་དང་ཝི་ཊི་ནཱམ་གཉིས་ལ་རྒྱབ་སྐྱོར་དང་གོ་མཚོན་སྟེར་གྱི་ཡོད་ཅིང་། དེ་གཉིས་ཀ་རྒྱ་ནག་གི་འགལ་ཟླ་ཆགས་ཡོད། 

འདི་ལོའི་ཕྱི་ཟླ་༦ པའི་ནང་ཧི་མ་ལ་ཡའི་ས་ཁུལ་གྱི་རྩོད་གཞི་ཅན་གྱི་རྒྱལ་མཚམས་སུ་རྒྱ་དཀར་ནག་གཉིས་གདོང་ཐུག་བྱུང་ནས་ཅང་མ་འགོར་བའི་རྗེས་སུ། མོ་སི་ཁོ་སྲིད་གཞུང་ནས་པེ་ཅིང་སྲིད་གཞུང་ལ་མེ་ཤུགས་འཕུར་མདའ་(S-400 suface-to-air) འཚོང་བའི་གྲོས་མཐུན་དེ་ཕར་འགྱང་(ངམ་ཡང་ན་རྩིས་མེད་)བྱས་ཡོད། ཚིག་གཞན་ཞིག་གིས་བརྗོད་ན། མཚམས་རེར་མོ་སི་ཁོ་སྲིད་གཞུང་གིས་པེ་ཅིང་སྲིད་གཞུང་གི་ཁེ་ཕན་ལ་གནོད་པའི་ལས་བྱེད་ཀྱི་ཡོད་པར་སྣང་ལ། མོ་སི་ཁོ་དང་པེ་ཅིང་གཉིས་ཀྱི་བར་དུ་བདེ་འཇགས་ཀྱི་མནའ་འབྲེལ་བཞག་མེད་པས། གལ་སྲིད་པེ་ཅིང་ལ་ཚུར་རྒོལ་བྱུང་བ་ཡིན་ན། པེ་ཅིང་གིས་མོ་སི་ཁོ་ལ་རོགས་བྱེད་པའི་རེ་བ་རྒྱག་མི་ཐུབ། 

རྒྱ་ནག་དང་མནའ་མཐུན་གྱི་ཆ་འདྲ་བ་ཡོད་པའི་རྒྱལ་ཁབ་གཅིག་རང་ཡོད་པ་དེ་བྱང་ཀོ་རི་ཡ་ཆགས་ཡོད། ཕྱི་ལོ་ ༡༩༦༡ ལོར་རྒྱལ་ཁབ་གཉིས་ཀྱིས་མཛའ་བརྩེ་དང་མཉམ་འབྲེལ། ཕན་ཚུན་རོགས་རམ་གྱི་ཆིངས་ཡིག་ཅིག་བཞག་ཡོད་པའི་ནང་། གལ་སྲིད་བྱང་ཀོ་རི་ཡར་ཚུར་རྒོལ་བྱུང་བ་ཡིན་ན། རྒྱ་ནག་གིས་ཐ་ེབྱུས་བྱེད་དགོས། དེ་ལྟར་ཡིན་ན་ཡང་། ཞི་ཅིན་ཕིང་གིས་ཀེམ་ཇོན་ཨན་དང་ལྷན་དུ་ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་༣ བར་ཐོག་མའི་ཐུག་འཕྲད་བྱས་མེད་པ་དང་། དེ་ཡང་ཟླ་ཤས་རྗེས་སུ་ཀེམ་ཇོན་ཨན་དང་ཨ་རིའི་སྲིད་འཛིན་ཊོམ་གཉིས་ཐུག་འཕྲད་བྱེད་རྒྱུ་གཏན་ཁེལ་བ་ལ་བརྟེན་ནས་བྱུང་བ་ཡིན། འགོ་ཁྲིད་གཉིས་ཕན་ཚུན་དངོས་སུ་ཐུག་འཕྲད་ཧ་ལམ་མི་བྱེད་པ་དང་། ཞི་ཅིན་ཕིང་གིས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་རྒྱུར་བྲེལ་བའི་ཀེམ་ཇོན་ཨན་ཐོ་ཅོ་ཆེ་དྲགས་པ་དང་། རྒྱ་ནག་གི་རྒྱབ་སྐྱོར་ལ་བཀའ་དྲིན་མི་ཚོར་མཁན་ཞིག་ཏུ་མཐོང་གི་ཡོད་སྲིད། 

ཀེམ་ཇོན་ཨན་གྱིས་ཨ་རི་དང་འབྲེལ་ལམ་འཛུགས་པའི་རྒྱུ་མཚན་གཅིག་ནི། ཕལ་ཆེར་ཁོས་ཉིན་གཅིག་ལ་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་རྒྱ་ནག་ལ་བརྟེན་པ་དེ་ཉུང་དུ་གཏོང་བའི་རེ་བ་འཆང་གི་ཡོད་པས་ཡིན། རྒྱ་ནག་གིས་ཀེམ་ཇོན་ཨན་ལ་སྟངས་འཛིན་བྱེད་ཐུབ་ཀྱི་མེད་སྟབས། ས་ཁམས་ཆབ་སྲིད་ཀྱི་ཆ་ནས་རྒྱ་ནག་ལ་བྱང་ཀོ་རི་ཡའི་ས་ནས་ཁེ་ཕན་ཤིན་ཏུཆུང་ཆུང་ཞིག་ལས་འཐོབ་ཀྱི་མེད། དེ་བཞིན་ལོ་རྗེས་མར་༡༩༦༡ ལོའི་ཆིངས་ཡིག་དེ་བསྐྱར་དུ་གྲོས་མོལ་བྱེད་པའི་དུས་ལ་ཁེལ་ཡོད་པ་དང་། གྲོས་མོལ་དེའི་མཇུག་འབྲས་ཀྱིས་ད་ལྟའི་འབྲེལ་ལམ་གྱི་གནས་སྟངས་གང་ཡིན་གསལ་སྟོན་བྱ་ངེས་རེད། 

རྒྱ་ནག་གིས་རྒྱུན་དུ་པ་ཀི་སི་ཐན་དང་“འགྱུར་མེད་”ཀྱི་མཛའ་འབྲེལ་ཡོད་ཚུལ་སྒྲོག་གི་ཡོད་པ་དང་། གྲང་དམག་ནས་བཟུང་སྟེ་རྒྱ་གར་གྱི་སེམས་གཡེང་ས་ཞིག་བཟོ་ཆེད་པ་སི་ཐན་ལ་རྒྱབ་སྐྱོར་བྱས་ཡོད། ཉེ་བའི་ལོ་ཤས་ནང་། པ་ཀི་སི་ཐན་གྱིས་པེ་ཅིང་སྲིད་གཞུང་ལ་པ་ཀི་སི་ཐན་དང་། ཨབ་གྷ་ནི་ཐན་(Afghanistan) ནས་དྲག་སྤྱོད་པ་རྒྱ་ནག་ཏུ་འཛུལ་དུ་མི་འཇུག་པར་བཀག་འགོག་བྱེད་རོགས་བྱས་ཡོད་ཅིང་། དེའི་ལན་དུ་པ་ཀི་སི་ཐན་གྱིས་རྒྱ་ནག་ལ་ཀཱ་ཤི་མིར་(Kashmir) ཁོ་ཚོའི་ཡིན་པར་ངོས་འཛིན་བྱེད་དུ་འཇུག་ཐབས་བྱེད་ཀྱི་ཡོད། 

ཡིན་ན་ཡང་། ཨ་རྒྱ་གཉིས་ཀྱི་དབང་ཆའི་འཐབ་རྩོད་ཆེན་མོའི་ཁྲོད། པ་ཀི་སི་ཐན་གྱིས་རྒྱ་ནག་ལ་མངོན་གསལ་དོད་པའི་ཕན་ཞིག་ཐོགས་ཀྱི་མེད། རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་བརྒྱུད་ལམ་ཆེན་མོ་དེ་(འདི་ནི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་སྟེང་གི་ཨ་སྒོར་ཐེར་འབུམ་མང་པོའི་གྲུ་གཟིངས་བཟོ་གཏོང་གི་ལས་འཆར་ཞིག་ཡིན།)པ་ཀི་སི་ཐན་གྱི་དཔལ་འབྱོར་གྱིས་ཁུག་དཀའ་བ་མ་ཟད། པ་ཀི་སི་ཐན་གྱི་ཆགས་ཡུལ་རྒྱ་གར་རྒྱ་མཚོའི་མཐའ་རུ་འཁེལ་བ་དེ་རྒྱུན་ལྡན་ཡིན་ན་ཁེ་ཕན་ཆེན་པོ་ཞིག་ཆགས་ཡོད་ན་ཡང་། རྒྱལ་ཁབ་དེའི་གྲུ་ཁུག་གཙོ་བོ་དེ་དམག་གི་རྟེན་གཞི་ཞིག་ཏུ་གཏན་ནས་འགྱུར་ཐུབ་མེད། 

རྒྱ་ནག་གི་ལྷོ་ཤར་ཨེ་ཤི་ཡའི་གྲོགས་པོ་བཟང་ཤོས་དེ་ཁམ་བྷོ་ཌི་ཡ་(Cambodia)ཡིན། ཁམ་བྷོ་ཌི་ཡའི་སྲིད་བློན་ཧན་སན་(Hun Sen)ནི་[ཝུའུ་ཧན་ཏོག་དབྱིབས་]ནད་ཡམས་འགོ་ཚུགས་པའི་རྗེས་སུ་རྒྱ་ནག་ལ་འགྲོ་མཁན་གྱི་ཕྱི་རྒྱལ་གྱི་འགོ་ཁྲོད་ཐོག་མ་དེ་ཆགས་ཡོད་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁོ་ཚོར་བདག་ཅེས་ཤོད་བཞིན་པར། ཁམ་བྷོ་ཌི་ཡས་འགྱུར་བ་མེད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁམ་བྷོ་ཌི་ཡ་ལ་པེ་ཅིང་གི་བརྒྱུད་གཅིག་ལམ་གཅིག་ནས་ཁེ་ཕན་རག་གི་ཡོད་ལ། རྒྱ་ནག་གིས་རྒྱལ་ཁབ་དེའི་རེམ་མཚོ་ཁུག་(Ream) དང་། ཌ་རཱ་ས་ཁོར་(Dara Sakor) དུ་མཚོ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་པའི་གནས་ཚུལ་ཡང་ཡོད། 

གལ་སྲིད་པེ་ཅིང་གིས་ཁམ་བྷོ་ཌི་ཡའི་མཚོ་དམག་གི་རྟེན་གཞི་དེ་དག་ལ་ལག་པ་འཆང་ཐུབ་པ་ཡིན་ན། དེས་རྒྱ་ནག་གི་དམག་གི་སྟོབས་ཤུགས་དང་འཇིགས་སྐུལ་ཕྱོགས་མང་པོར་རྒྱ་བསྐྱེད་གཏོང་བར་ཕན་ཐོགས་ཆེན་པོ་ཡོང་ངེས་པ་དང་། ས་ཁམས་ཆབ་སྲིད་ཀྱི་ཆ་ནས་ཁམ་བྷོ་ཌི་ཡ་རྒྱ་ནག་གི་བེད་སྤྱོད་ཆེ་ཤོས་ཀྱི་མཐུན་གྲོགས་སུ་འགྱུར་ངེས། སྤྱིར་བཏང་གི་འདྲ་པར་ཁག་ཏུ་ཁམ་བྷོ་ཌི་ཡའི་གཞུང་གིས་རེམ་མཚོ་ཁུག་ཏུ་ཡོད་པའི་ཨ་རིའི་མཚོ་དམག་གི་རྟེན་གཞི་རྩ་གཏོར་བཏང་ཡོད་པ་སྟོན་པ་དེས་པེ་ཅིང་ལ་ཁེ་ཕན་འཐོབ་རྒྱུ་ཡིན་པར་སྣང་། ཡིན་ན་ཡང་། ད་ལྟའི་ཆར་སྲིད་བློན་ཧན་སན་གྱིས་རྒྱ་ནག་གིས་རྒྱལ་ཁབ་དེའི་ནང་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་པ་ཁས་ལེན་ཡང་བྱེད་ཀྱི་མེད། རྒྱུ་མཚན་ནི་གནས་ཚུལ་དེ་ཁམ་བྷོ་ཌི་ཡའི་རྩ་ཁྲིམས་དང་འགལ་ཡོད་པས་རེད། ཡང་གཅིག་བཤད་ན། ཁམ་བྷོ་ཌི་ཡས་སྔར་མེད་པ་གསར་དུ་འཛུགས་སྐྲུན་བྱེད་དུ་འཇུག་འདོད་མེད་པའང་ཡིན་སྲིད། དེ་བས་གཏམ་རྒྱུད་དེའི་མཇུག་རྫོགས་མེད་པ་དང་དོ་སྣང་ཆེན་པོས་ལྟ་དགོས་པ་ཞིག་ཡིན། 

གང་ལྟར་ཨ་རི་དང་བསྡུར་ན། རྒྱ་ནག་ལ་གྲོགས་པོ་མང་པོ་མེད་པ་མ་ཟད། ཡོད་པ་རྣམས་ཀྱང་ཡིད་རྟོན་རུང་བ་མིན། དེ་ནི་དབང་ཤུགས་འགྲན་རྩོད་ཆེན་མོ་མུ་མཐུད་ཛ་དྲག་ཏུ་འགྱུར་བ་དང་པེ་ཅིང་ལ་འཕྲད་པའི་དཀའ་ཁག་ཆེ་ཤོས་དེ་ཡིན། །