རྒྱ་ནག་ལ་ངོ་རྒོལ་ལས་འགུལ་རྒྱལ་སྤྱིའི་རྒྱལ་ཁབ་༢༥ ནང་མཉམ་སྤེལ།

ཟླ་༡༠ པའི་ཚེས་༡ ཉིན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ནས་ལོ་ངོ་༧༠ འཁོར་བའི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་ནང་དུ། བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། ལྷོ་སོག རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ཀྱིས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་དང་། རྡ་སར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་སྣེ་ཁྲིད་འོག མི་མང་གིས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་ལས་འགུལ་བ་ཚོས་རྒྱ་ནག་དམར་པོའི་རྫུན་གཏམ་གྱིས། འཛམ་གླིང་མི་ཡི་ཚེ་སྲོག་འཕྲོག་ཞེས་པའི་འབོད་ཚིག་འཁོད་པའི་མིའི་ཕུང་གཟུགས་བཞག་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ལས་འགུལ་དེ་ལྟར་སྤེལ་དགོས་དོན་གྱི་རྒྱུ་མཚན་ཚོགས་པ་ལྔས་འགྲེལ་བརྗོད་གནང་དོན་དུ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་རྒྱ་དམར་སྲིད་གཞུང་གི་འཁྱོག་བཤད་དང་བཙན་གནོན་འོག་བོད་ནང་དུ་ཡོད་པའི་བོད་མི་ས་ཡ་བརྒལ་བ་རྒྱ་དམར་གཞུང་གི་ལག་འོག་ཏུ་བསྟུད་མར་ཚེ་སྲོག་ཤོར་བ་མཚོན་པའི་ཆེད་དུ་ཡིན་པ་དང་། གུང་ཁྲན་དམར་པོའི་སྲིད་གཞུང་བཙུགས་པ་ནས་ད་བར་ཚེ་སྲོག་ཤོར་བའི་ཉེས་མེད་མང་ཚོགས་ཆེད་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་གདུང་སེམས་མཉམ་སྐྱེད་དང་ཁོང་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན་པ་དང་། རྒྱ་དམར་རྒྱལ་ཁབ་སྲིད་གཞུང་བཙུགས་ནས་མི་ལོ་༧༠ འཁོར་པའི་དྲན་གསོ་ལ་སེམས་འཚོར་དྲག་པོའི་ཐོག་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

ཐེངས་འདིར་རྒྱལ་ཁབ་༢༥ ཡི་ནང་དུ་གྲོང་ཁྱེར་༥༠ ལྷག་གི་ནང་དུ་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། ལྷོ་སོག རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་ཀྱིས། རྒྱ་ནག་གཞུང་ལ་ངོ་རྒོལ་དང་འགོག་རྒོལ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་པ་རེད་འདུག 

གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་དེ་སྔ་རྒྱ་དམར་སྲིད་གཞུང་དང་ཕན་ཚུན་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་ཁག་གིས་ཀྱང་ད་ཕན་རྒྱ་དམར་གཞུང་ལ་ཚོང་འབྲེལ་སོགས་བཀག་སྡོམ་བྱེད་དགོས་པ་དང་འབྲེལ་རྒྱ་དམར་དབང་འཛིན་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་ལ་བདའ་འདེད་དང༌། སྐྱོན་བརྗོད། ངོ་རྒོལ་བཅས་བྱེད་དགོས་པ་དང་། དེ་བཞིན་རྒྱ་དམར་སྲིད་གཞུང་གིས་རང་དབང་དང༌། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་དྲག་གནོན་ཇེ་ཆེར་འགྲོ་བཞིན་པར་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ་མཉམ་འབྲེལ་གྱི་ཐོག་ནས་རྒྱ་དམར་སྲིད་གཞུང་ལ་ནུས་པ་ ལྡན་པའི་བསྒྲགས་གཏམ་གསལ་པོ་ཞིག་ངེས་པར་དུ་སྤེལ་དགོས་པའི་དུས་ལ་བབ་ཡོད་པའི་འབོད་སྐུལ་ཞུས་སོང་བ་དང་། ཕྱི་ལོ་༢༠༢༢ ལོར་དགུན་དུས་ཀྱི་ཨོ་ལིམ་པིག་རྒྱ་ནག་ནང་ཚུགས་རྒྱུ་ངེས་པར་དུ་ཕྱིར་འཐེན་བྱ་རྒྱུའི་རེ་སྐུལ་བྱེད་བཞིན་ཡོད་སྐོར་གསུངས་སོང་།

དེ་བཞིན་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་འཚོལ་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་རེ་སྐུལ་ཞུ་རྒྱུར། ཐོག་མར་རྒྱ་གར་དང་བོད་ཀྱི་ས་མཚམས་ཡིན་པ་ཁས་ལེན་གྱིས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་སྲིད་གཞུང་གིས་ཁྲིམས་འགལ་གྱི་བཙན་བཟུང་འོག་ཏུ་གནས་ཡོད་པ་ཁས་ལེན་ཡོང་བའི་འབོད་སྐུལ་ཞུས་སོང་བ་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་སྟོབས་དང་ལྡན་པའི་རྒྱ་ནག་དམར་པོའི་དབང་འཛིན་རིང་ལུགས་ཀྱི་སྲིད་དབང་ལ་ནུས་པ་ལྡན་པའི་ཁ་གཏད་བཅག་ནས་རྒྱ་ནག་གི་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་ཞུས་ནས། རྒྱ་ནག་གཞུང་གི་བྱ་སྤྱོད་ཁག་ཅིག་ཐེར་འདོན་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།