རྒྱ་ནག་ལ་སྐྲག་ནས་ཨ་རིའི་གློག་བརྙན་བཟོ་སྐྲུན་པ་ཚོས་རང་ངོས་ནས་ཞིབ་བཤེར་བྱེད་ཀྱི་ཡོད་འདུག 

རྒྱལ་སྤྱིའི་ནང་གློག་བརྙན་བཟོ་སྐྲུན་གྱི་ཚད་གཞི་མཐོ་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་ཨ་རིའི་གློག་བརྙན་བཟོ་སྐྲུན་ཚོང་ལས་ཁང་མང་པོ་ཞིག་གིས། རྒྱ་ནག་ནང་དུ་རང་ཉིད་ཀྱི་གློག་བརྙན་སྟོན་ཐུབ་ཆེད་དུ། བོད་དང་ཐའེ་ཝན་སོགས་ཀྱི་གནད་དོན་རྣམས་རང་ངོས་ནས་ཞིབ་བཤེར་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན་འདུག 

ཟླ་༨ པའི་ཚེས་༥ ཉིན་ཨ་རིའི་པེན་མཐུན་ཚོགས་ཀྱིས། ཨ་རིའི་གློག་བརྙན་བཟོ་སྐྲུན་ཚོང་ལས་ཁང་ཚོས་རྒྱ་ནག་གཞུང་ལ་ངོ་སྲུང་བྱེད་ཆེད་དུ། རང་ངོས་ནས་གློག་བརྙན་གྱི་བརྗོད་བྱ་དང་ཚིག་སོགས་ཞིབ་བཤེར་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་པ་གཞན་ཚོས་ཀྱང་འགྲོས་དེའི་མཇུག་ཏུ་འགྲོ་སྲིད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག 

སྙན་ཐོ་དེའི་ནང་ཕྱི་ལོ་༢༠༡༩ ལོར་ཨ་རིའི་གློག་བརྙན་བཟོ་སྐྲུན་པ་ཚོས། རྒྱ་ནག་གི་ཁྲོམ་ར་ནས་ཨ་སྒོར་ཐེར་འབུམ་༩.༥ ཡི་ཡོང་འབབ་བསགས་ཐུབ་འདུག་པ་དང་། ཨ་རིའི་རྒྱལ་ཡོངས་སུ་ཨ་སྒོར་ཐེར་འབུམ་༡༡.༥ བསགས་ཐུབ་ཡོད་འདུག ཏོག་དབྱིབས་ནད་དུག་ཁྱབ་གདལ་མ་སོང་བའི་སྔོན་དུ། རྒྱ་ནག་གིས་ཨ་རི་ནས་འཛམ་གླིང་ནང་གློག་བརྙན་གྱི་ཁྲོམ་ར་ཆེ་ཤོས་ཨང་དང་པོ་དེ་འགྱུར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག་པས། རྒྱ་ནག་གི་གློག་བརྙན་ཁྲོམ་རར་གློག་བརྙན་སྟོན་ཐུབ་ཆེད་དུ། ཨ་རིའི་གློག་བརྙན་བཟོ་སྐྲུན་ཚོང་ལས་ཁང་ཚོས་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་ཐབས་གང་ཡོང་བྱེད་དང་བྱེད་བཞིན་ཡོད་ཁར། དེའི་ཆེད་དུ་རྒྱ་ནག་གཞུང་གིས་ཚོར་བ་རྣོན་པོ་འཛིན་བཞིན་པའི་གནད་དོན་མང་པོ་ཞིག་གི་ཐོག་ཞིབ་བཤེར་བྱེད་དང་བྱེད་བཞིན་ཡོད་འདུག དེ་ཡང་བོད་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས། ཐའེ་ཝན་སོགས་ཀྱི་གནད་དོན་གཡོལ་གྱི་ཡོད་འདུག 

དེ་ཡང་དེ་སྔོན་གློག་བརྙན་(Dr. Strange)ཞེས་པའི་གློག་བརྙན་དེ་རི་མོའི་སྒྲུང་དེབ་གཅིག་ལ་གཞི་བཞག་ནས་བཟོ་སྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་གི་མི་སྣ་ཞིག་ནི་བོད་མི་ཡིན་འདུག་ཀྱང་། རྗེས་སུ་གློག་བརྙན་དེ་རྒྱ་ནག་ནང་དུ་སྟོན་ཐུབ་ཆེད་མི་སྣ་དེ་མི་རིགས་དཀར་པོས་འཁྲབ་ཡོད་པ་རེད་འདུག དེ་བཞིན་ཕྱི་ལོ་༡༩༨༦ ལོར་བཟོ་སྐྲུན་བྱས་པའི་གློག་བརྙན་(Top Gun) ཞེས་པ་དེའི་ནང་གི་མི་སྣ་གཙོ་བོའི་སྟོད་གོས་ཐོག་ཏུ་ཐའེ་ཝན་གྱི་རྒྱལ་དར་ཡོད་འདུག་ཀྱང་། ཕྱི་ལོ་༢༠༢༠ ལོར་བཟོ་སྐྲུན་དང་༢༠༢༡ ལོར་འགྲེམས་སྤེལ་བྱེད་འཆར་ཡོད་པའི་གློག་བརྙན་དེའི་རྒྱུན་མཐུད་ལེའུ་གཉིས་པའི་ནང་། མི་སྣ་གཙོ་བོ་དེའི་སྟོད་གོས་ཐོག་ཏུ་ཐའེ་ཝན་གྱི་རྒྱལ་དར་མེད་འདུག 

དེ་བཞིན་རྒྱ་ནག་གཞུང་གིས་གདོན་འདྲེ་དང་། དུས་ཚོད་འགྲུལ་བཞུད་(Time Travel) སོགས་ཀྱི་བརྗོད་བྱ་ཡིན་པའི་གློག་བརྙན་ལ་དགའ་སྣང་བྱེད་ཀྱི་མེད་པས། ཨ་རིའི་གློག་བརྙན་བཟོ་སྐྲུན་པ་ཚོས་གནད་དོན་དེ་དང་བསྟུན་ནས་གློག་བརྙན་བཟོ་སྐྲུན་ཡང་བྱེད་ཀྱི་ཡོད་འདུག 

རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་ཆེད་དུ་སྒེར་ངོས་ནས་གློག་བརྙན་ཞིབ་བཤེར་བྱེད་མཁན་ནི་ཨ་རིའི་གློག་བརྙན་བཟོ་སྐྲུན་ལས་ཁང་ཆེ་གྲས་དང་འཁྲབ་ཁྲིད་པ་སྐད་གྲགས་ཆེ་གྲས་ཀྱང་ཡོད་འདུག་པ་དང་། ཁག་ཅིག་གིས་རྒྱ་ནག་གཞུང་གི་གློག་བརྙན་སྟངས་འཛིན་བྱེད་མཁན་ལས་བྱེད་རྣམས། གློག་བརྙན་བཟོ་སྐྲུན་བྱེད་ཡུལ་དུ་སྐད་བཏང་ནས། རྒྱ་ནག་གཞུང་གི་ངོས་ལེན་ཐུབ་ཆེད་དུ་གང་བྱེད་དགོས་མེད་ཀྱི་ལམ་སྟོན་ཞུ་ཡི་ཡོད་འདུག 

ཨ་རིའི་གཞུང་གིས་ཀྱང་ཉེ་བའི་ཆར་ཨ་རིའི་གློག་བརྙན་བཟོ་སྐྲུན་ཚོང་ལས་ཁང་ཚོས། དཔལ་འབྱོར་གྱི་ཁེ་ཕན་ཆེད་དུ་རྒྱ་ནག་གཞུང་གི་འོག་ལ་མགོ་སྒུར་གྱི་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། དེ་བཞིན་ཟླ་༦ པའི་ཚེས་༣༠ ཉིན་བོད་དོན་རྒྱབ་སྐྱོར་བ་གློག་བརྙན་འཁྲབ་སྟོན་མི་སྣ་སྙན་གྲགས་ཅན་རཱི་ཆར་ཌ་ཇཱེར་གྱིས། ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཆུང་མདུན་དུ་བདེན་དཔང་བྱས་ཏེ། དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་ཨ་རིའི་གློག་བརྙན་བཟོ་སྐྲུན་པ་ཚོས། དེ་སྔོན་བོད་ཚུད་པའི་སྤྱི་ཚོགས་དང་དྲང་བདེན་གནད་དོན་མང་པོ་ཞིག་གི་ཐོག་ཏུ་གླེང་སློང་བྱེད་ཀྱི་ཡོད་ཀྱང་། དེང་གི་ཆར་དེ་ལྟར་བྱེད་ཀྱི་མེད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།