རྒྱ་ནག་སླར་ཡང་གསར་འགོད་རང་དབང་མེད་མཁན་སྡུག་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་པའི་སྙན་ཐོ་བཏོན།

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་(Committee to Protect Journalist)ཞེས་པའི་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས། ལོ་རྟག་པར་འཛམ་གླིང་ནང་གསར་འགོད་རང་དབང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་གྱི་ཡོད་པ་བཞིན། ཕྱི་ལོ་༢༠༢༤ ལོའི་རྒྱལ་སྤྱིའི་གསར་འགོད་པའི་གནས་བབ་དང་འབྲེལ་བའི་ཉམས་ཞིབ་སྙན་ཐོ་ཞིག་ཉེ་ཆར་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་དང་ཨི་སི་རེལ། འབར་མ་བཅས་རྒྱལ་ཁབ་གསུམ་ནི་གསར་འགོད་པའི་རང་དབང་མེད་པའི་རྒྱལ་ཁབ་ཆེས་སྡུག་ཤོས་སུ་མིང་འདོན་བྱས་ཡོད་འདུག
ཉེ་ཆར་(Committee to Protect Journalist)ཞེས་པའི་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་བཏོན་པའི་སྙན་ཐོ་དེའི་ནང་གསལ་དོན་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་༡ བར་དུ་ཤེས་རྟོགས་བྱུང་བའི་གསར་འགོད་པ་ཉུང་མཐར་༣༦༡ ཙམ་བཙོན་འཇུག་བྱས་ཡོད་པའི་ཁོངས་ནས། རྒྱ་ནག་ནང་གསར་འགོད་པ་༥༠ དང། ཨི་སི་རེལ་ནང་དུ་༤༣ འབར་མའི་ནང་གསར་འགོད་པ་༣༥ བཅས་བཙོན་འོག་ཏུ་ཡོད་པར་བཀོད་འདུག ཕྱི་ལོ་༢༠༢༤ གཅིག་པུའི་ནང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསར་འགོད་པ་ཁྱོན་༣༦༡ འཛིན་བཟུང་བྱས་ཡོད་འདུག་པ་དང་། དེ་ནི་ད་བར་གྲངས་ཚད་མཐོ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག་ཅིང་། དེ་སྔོན་ཕྱི་ལོ་༢༠༢༢ ལོར་གསར་འགོད་པ༣༧༠ ཙམ་བཙོན་འཇུག་བྱས་ཡོད་ཀྱང་། ལོ་འདིར་ཨི་སི་རེལ་ནང་བཙོན་འཇུག་བྱས་པའི་གསར་འགོད་པའི་གྲངས་ཚད་དེ་ལྡབ་གཅིག་མང་དུ་ཕྱིན་ཡོད་འདུག

རྒྱུ་མཚན་་གཅིག་ནི་ཨེ་སི་རེལ་དང་ཧ་མ་སི་གཉིས་བར་དམག་འཁྲུག་འགོ་འཛུགས་བྱས་པའི་རྐྱེན་གྱིས་ཡིན་འདུག་པ་དང་། དེ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་དེ་དག་གི་ནང་གསར་འགོད་པ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་གསར་འགོད་པ་རྣམས་ཀྱིས་སོ་སོའི་ལས་དོན་གྱི་རྐྱེན་པས་དང་། སྲིད་དབང་སྒེར་འཛིན་པའི་དྲག་གནོན། དམག་འཁྲུག་ཆབ་སྲིད་སོགས་ཀྱི་རྐྱེན་པས་ཡིན་འདུག་ལ། གསར་འགོད་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁབ་ཁོངས་ནས་གཞན་ཨུ་རུ་སུ་དང་། བྷ་ལ་རུ་སི། ཐུ་ནི་ཤི་ཡ་སོགས་ཡོད་འདུག གནད་དོན་དེ་དང་འབྲེལ། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ (Jodie Ginsberg)ཀྱིས། ལོ་ལྟར་གསར་འགོད་པ་བཙོན་འཇུག་བྱས་པའི་གྲངས་ཚད་འདིས་ང་ཚོ་ཚང་མ་ལ་གཉིད་ལས་སད་དགོས་པའི་བརྡ་ལན་ཞིག་གཏོང་གི་ཡོད་པ་དང་། གསར་འགོད་པ་ཚོར་དམ་དྲག་ཤུགས་ཆེ་རུ་སོང་བ་དེ་ནི། གནས་ཚུལ་སྤྲོད་ལེན་བྱེད་པའི་རང་དབང་དང་། འདུ་འཛོམས་དང་འགུལ་སྐྱོད་བྱེད་པའི་རང་དབང་། ངོ་རྒོལ་བྱེད་པའི་རང་དབང་སོགས་འཕྲོག་པ་དང་གཅིག་མཚུངས་ཡིན་ཞེས་བརྗོད་འདུག
གཞི་རྩའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ལོ་ལྟར་འཛམ་གླིང་ཁྲོད་གསར་འགོད་པའི་གནས་སྟངས་ཐོག་ལ་ཉམས་ཞིབ་དང་། འཛིན་བཟུང་བྱས་པའི་གསར་འགོད་པ་རྣམས་གློད་བཀྲོལ་ཡོང་བའི་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་ཁྲོད། ཕྱི་ལོ་༢༠༢༤ ལོ་འདིར་རྒྱལ་ཁབ་ཁ་ཤས་ནང་གསར་འགོད་པ་བཙོན་འཇུག་སོགས་ཀྱི་བློ་ཕམ་དགོས་པའི་གནས་ཚུལ་བྱུང་ཡོད་ནའང་། ཚོགས་པ་འདིའི་རོགས་སྐྱོར་འོག་བཙོན་འཇུག་བྱས་པའི་གསར་འགོད་པ་མི་གྲངས་༩༠ ཙམ་ཞིག་གློད་བཀྲོལ་བཏང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།