རྒྱ་ནག་ཧྥུ་ཅན་ནང་རྡོ་སྣུམ་རླང་འཁོར་ཞིག་འབར་གས་བྱུང་འདུག

ཟླ་བ་འདིའི་ཚེས་༣ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།  ཟླ་བ་༡ པོའི་ཚེས་༢ ཉིན་གྱི་དགོང་མོ་ཆུ་ཚོད་༡༡ དང་སྐར་མ་༢༣ ཐོག་རྒྱ་ནག་ཧྥུ་ཅན་ཆོན་ཀྲའོ་ཡི་གཞུང་ལམ་གྱི་ཟམ་པའི་ཐོག རྡོ་སྣུམ་འོར་འདྲེན་བྱེད་མཁན་གྱི་རླང་འཁོར་ཞིག་འབར་གས་ཤོར་ནས་ཕྱི་ཉིན་ཚེས་༣ཉིན་གྱི་ཞོགས་པའི་ཆུ་ཚོད་༡ དང་སྐར་མ་༡༥ ཐོག་མེ་བསད་ཐུབ་ཡོད་འདུག

དྲྭ་འབངས་མང་པོ་ཞིག་གིས་རྡོ་སྣུམ་རླང་འཁོར་འབར་གས་ཤོར་སྐབས་རྡོ་སྣུམ་མང་པོ་ཞིག་གཞུང་ལམ་གྱི་ངོས་དང་ཟམ་འོག་ཏུ་ཟགས་པར་བརྟེན། ཟམ་པ་འདིའི་ཉེ་འགྲམ་དུ་རླང་འཁོར་མང་པོ་ཞིག་ཡོད་པ་དང་། དེ་བཞིན་ཉེ་འགྲམ་གྲོང་མིའི་ཅ་དངོས་རིགས་དང་། རླངས་འཁོར་གློག་གསོག་ས་ཚིགས་དང་ཟམ་འོག་ཏུ་མྱུར་སྐྱེལ་བཟོ་འགྲེམས་བྱེད་ཡུལ་སོགས་ཡོད་པས། དེ་དག་མང་པོ་ཞིག་འཚིག་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག

དེ་བཞིན་འབར་གས་ཀྱི་དོན་རྐྱེན་བྱུང་སྐབས། ཟམ་འོག་ཏུ་མྱུར་སྐྱེལ་བཟོ་འགྲེམས་བྱེད་མཁན་གྱི་ཁྲིན་ཟེར་མཁན་སྐྱེས་པ་ཞིག་གིས། ང་ཚོ་ཟམ་འོག་ཏུ་ཅ་དངོས་རྣམས་དོ་དམ་བྱས་བཞིན་པའི་སྐབས་འབར་གས་ཞིག་ཐོས་མ་ཐག་མེ་འབར་བཞིན་པ་མཐོང་སོང་ལ་ཟམ་འོག་ངོས་སུ་སྣུམ་ཡང་འཛག་བཞིན་པ་མཐོང་སོང་། ཕལ་ཆེར་སྣུམ་ཡིན་ས་རེད་འདུག་པས། ལས་མི་ཚང་མ་གཅིག་རྗེས་གཉིས་མཐུད་བྲོས་སོང་ཞེས་བརྗོད་འདུག

གཞན་ཡང་། སྤྱི་ཚོགས་དྲྭ་ལམ་ཐོག་དེ་འབྲེལ་བརྙན་ཐུང་མང་པོ་ཞིག་ནང་གནས་ཚུལ་འདིའི་སྐོར་འཁོད་གསལ་། མེ་སྐྱོན་བྱུང་ཡུལ་དུ་མེ་འབར་ཤུགས་ཆེ་ཞིང་སྲེག་ཤུགས་ཆེ་བས་མ་ཚད། འབར་གས་ཀྱི་སྒྲ་དང་མཉམ་དུ་དུ་བ་ལང་ལོང་དུ་གཡོ་ཞིང་འདུག་སོགས་འཁོད་འདུག་ལ། གནས་ཚུལ་ལྷག་ཡུལ་དུ་འབར་གས་གཅིག་རྗེས་གཉིས་མཐུད་བྱུང་བཞིན་ཡོད་པ་ཡང་ཐོས་རྒྱུ་འདུག མི་མང་པོ་ཞིག་གི་ཁང་པའི་ནང་ཡོད་པའི་མི་རྣམས་ལ། མེ་ཤོར་བཞིན་འདུག གཉིད་མ་ཁུག་མགྱོགས་པོ་ཕྱི་ལ་མར་ཐོན་ཤོག་ཟེར་བཞིན་པའི་སྒྲ་ཡང་ཐོས་རྒྱུ་འདུག 

གོང་གི་གནས་ཚུལ་དེ་དང་འབྲེལ་བའི་བརྙན་ཐུང་ཁག་ཅིག་བརྒྱུད་བསྐུལ་བྱས་བཞིན་པའི་ནང་ལ། མི་ཤི་རྨས་གཅིག་ཀྱང་བྱུང་མེད་རབས་བརྗོད་བཞིན་འདུག་ཀྱང་། ད་ལྟའི་ཆར་འབར་གས་ཀྱི་དོན་རྐྱེན་དེ་ཡིས་རྐྱེན་པས་མི་ཤི་རྨས་ག་ཚོད་བྱུང་ཡོད་མེད་ཀྱི་ཐོག་ལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁ་གསལ་གང་ཡང་མེད་འདུག །

གསར་འགོད་པ་བདེ་སྒྲོན།