རྒྱ་མཚོའི་ཉེ་འཁོར་རྒྱལ་ཁབ་ཁག་གི་མཉམ་འབྲེལ་ཚོང་ལས་དང་དེའི་ཤུགས་རྐྱེན།

ལོ་ངོ་ལྔའི་བརྒྱུད་རིམ་ནང་གྲོས་མོལ་ཐེངས་མང་བྱས་ཏེ་གྲུབ་འབྲས་སོན་པའི་ཞི་བདེ་རྒྱ་མཚོའི་ཉེ་འཁོར་གྱི་རྒྱལ་ཁབ་༡༢ ཀྱི་མཉམ་འབྲེལ་ཚོང་ལས་ལ། ཟླ་འདིའི་ཚེས་༤ ཉིན་ནེའི་ཛི་ལན་ཊིའི་རྒྱལ་སར། སྐུ་ཚབ་ཁག་གིས་མཚན་རྟགས་བཀོད་འདུག་ཀྱང། དེ་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག

126476མཉམ་འབྲེལ་ཚོང་ལས་དེ་ནི་རྒྱལ་ཁབ་མཉམ་སྡེབ་ཀྱི་ཚོང་འབྲེལ་ཆེ་ཤོས་ཡིན་པ་དང། རྒྱལ་ཁབ་དེ་དག་གིས་འཛམ་གླིང་གི་དཔལ་འབྱོར་བརྒྱ་ཆ་༤༠ སྟངས་འཛིན་བྱེད་ཀྱི་ཡོད་པས། འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཐུབ་པའི་ཚོང་ལས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཚོང་ལས་དེའི་ནང་ཨ་རི་དང། ནེའུ་ཛི་ལེན་ཊི། ཨོ་སི་ཊོ་ལི་ཡ། ཉི་ཧོང། ཝེ་ཏི་ནམ། མ་ལི་ཤི་ཡ། སེང་གྷ་པུར། བྷུ་རུ་ནེ། ཁེ་ན་ཊ། ཆི་ལི། མེག་སི་ཀོ། པེ་རུ་བཅས་ཚུད་ཡོད་འདུག

ཚོང་འབྲེལ་དེ་ལ་ཨ་རིའི་མི་མང་གིས་ལས་ཀ་མང་པོ་ཞིག ཨ་རི་ནས་ཡར་རྒྱས་འགྲོ་བཞིན་པའི་ལུང་པ་ཁག་ལ་ཕར་ཤོར་འགྲོ་བར་དོགས་པ་བྱེད་ཀྱི་ཡོད་ནའང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་དེ་ལྟར་མིན་པར་ཚོང་འབྲེལ་དེས་ཨ་རིའི་ལས་མི་ལ་འདེམས་ཀ་དང་པོ་སྤྲད་ཀྱི་ཡོད་ལུགས་བརྗོད་འདུག དེ་བཞིན་ནེའུ་ཛི་ལེན་ཊའི་རྒྱལ་སར། ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་གྱིས་ལམ་ཁ་བཀག་ཏེ་ངོ་རྒོལ་བྱས་པས་ཉེན་རྟོག་པ་དང་གདོང་ཐུག་བྱུང་ཡོད་འདུག

རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གསང་བ་ཕྱིར་བསྒྲགས་བྱེད་མཁན་ཝིཀེ་ལེག་སི་(wiki leaks)ཡིས་ཚོང་ལས་དེའི་ཡིག་ཆ་གལ་ཆེན་ཁ་ཤས་ཕྱིར་བསྒྲགས་བྱས་ཡོད་པ་དང། དེའི་ནང་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཚོང་འབྲེལ་སྡེ་ཚན་ཤུགས་ཆེན་ཁག་གི་སྐུ་ཚབ་བར། གསང་བའི་ཐོག་ནས་གྲོས་མོལ་ཐེངས་མང་བྱས་སྐོར་བཏོན་ཡོད་པ་དང། སྐྱོན་བརྗོད་པ་མང་པོས་ ཚོང་ལས་དེ་ལས་དགོས་མཁོའི་ཅ་དངོས་དག་གི་རིན་གོང་འཕར་ནས་མི་མང་དཀྱུས་མར་དཀའ་ངལ་སྤྲད་སྲིད་པ་དང། ཁེ་བཟང་ཚང་མ་ཚོང་འབྲེལ་སྡེ་ཚན་ཁག་ལ་ཐོབ་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།