རྒྱ་མི་གཉིས་ཀྱིས་ཨ་རིའི་འབྲུ་རིགས་ནང་ནད་འབུ་གཏོང་ཐབས་བྱས་པ་ཤེས་ཏེ་འཛིན་བཟུང་བྱས་འདུག

རྒྱ་ནག་གི་མི་གཉིས་ཀྱིས་ཨ་རིའི་འབྲུ་རིགས་ནང་ནད་འབུ་ཁྱབ་སྤེལ་གཏོང་ཆེད་ནད་འབུ་ཁྱེར་ནས་ཨ་རིའི་ནང་དུ་ཡོང་སྐབས་གནམ་ཐང་ནས་ཤེས་རྟོགས་བྱུང་སྟེ་འཛིན་བཟུང་བྱས་ཡོད་འདུག་ལ། ནད་འབུ་དེ་དག་ནི་འབྲུ་རིགས་ལ་ཉེན་ཚབས་ཆེ་བའི་སྐྱེ་དངོས་ཀྱི་དུག་རྫས་ཤིག་ཡིན་པར་བརྗོད་འདུག
ཕྱི་ཚེས་༤ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།
རྒྱ་མི་ཙུན་ཡུང་ལིའུ་(Zunyong Liu)ཟེར་བ་རང་ལོ་༣༤ ཡིན་པའི་སྐྱེས་པ་ཞིག་གིས་འབྲུ་རིགས་ལ་ཉེན་ཚབས་ཆེ་བའི་ནད་འབུ་ཕེ་ཐོན་ཇེན་ཟེར་བ་Pathogens ཁྱེར་ཏེ་ཨ་རིའི་མེ་ཤིས་གྷན་(Michigan)མངའ་སྡེའི་རྒྱལ་སྤྱིའི་གནམ་ཐང་ནས་འཛུལ་སྐབས། གནམ་ཐང་གི་སྐུ་སྲུང་མི་སྣ་ཚོས་ཤེས་རྟོགས་བྱུང་ནས་འཛིན་བཟུང་བྱས་ཡོད་འདུག་ཅིང་། མི་དེས་ཟ་འབྲུའི་ནང་ནད་འབུ་ཁྱབ་སྤེལ་གཏོང་ཐབས་ཆེད་ནད་འབུ་ལྐོག་ནས་ཁྱེར་ཡོད་འདུག་པ་དང་། ནད་འབུ་དེ་དག་མེ་ཤིས་གྷན(Michigan)མངའ་སྡེའི་མཐོ་སློབ་ཀྱི་ཚན་རིག་བརྟག་དཔྱད་ཁང་དུ་ལྐོག་ནས་འཁུར་རྒྱུའི་དམིགས་ཡུལ་བཟུང་ཡོད་འདུག
ཁོའི་དགའ་རོགས་བུད་མེད་དེ་ཚན་རིག་བརྟག་དཔྱད་ཁང་དེའི་ནང་ཞིབ་འཇུག་གི་ལས་ཀ་བྱེད་ཀྱི་ཡོད་འདུག་པར་བརྟེན། ཁོང་གཉིས་ཀྱིས་ཚན་རིག་བརྟག་དཔྱད་ཁང་དེའི་ནང་ནས་ནད་འབུ་བཟོ་བཅོས་བྱས་ཏེ་ཨ་རིའི་ཟ་འབྲུའི་ཁྲོད་ཁྱབ་སྤེལ་བྱེད་རྒྱུ་ཡིན་འདུག་པས། ནད་འབུ་དེ་འབྲས་དང་། ནས། གྲོ ཨ་ཤོམ་སོགས་ཀྱི་ཟ་འབྲུའི་རིགས་ནང་ཁྱབ་ཤོར་ཚེ་འབྲུ་རིགས་དེ་དག་རྩ་མེད་གཏོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག ནད་འབུ་དེ་ཚན་རིག་ནང་”potential agroterrorism weapon”འབྲུ་རིགས་རྩ་གཏོར་གཏོང་ཐུབ་པའི་ལག་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག་པས། གལ་སྲིད་ནད་འབུ་དེ་འབྲུ་རིགས་ཁྲོད་ཁྱབ་ཤོར་ཚེ་ཨ་སྒོར་ཐེར་འབུམ་མང་པོ་གྱོང་གུད་ཕོག་རྒྱུའི་ཉེན་ཁ་ཡོད་འདུག
ཨ་རིའི་ལས་བྱེད་ཚོས་རྒྱ་རིགས་དེ་གཉིས་ལ་རྒྱ་ནག་དམར་ཤོག་གཞུང་ནས་ནད་འབུ་དེ་འདྲའི་རིགས་ལ་བརྟག་དཔྱད་བྱེད་ཆེད་དུ་རོགས་དངུལ་ཕོན་ཆེན་པོ་འབྱོར་གྱི་ཡོད་པར་བརྗོད་འདུག་ལ། ཁོང་གཉིས་ཀྱིས་དེ་སྔོན་རྒྱ་ནག་ཏུ་ནད་འབུ་དེའི་སྐོར་ཞིབ་འཇུག་བྱས་པ་དང་། ༢༠༢༢་ལ་ནད་འབུ་དེ་ཨ་རིར་འཁྱེར་ཐབས་ཀྱི་སྐོར་སྐད་འཕྲིན་ནང་གྲོས་བསྡུར་བྱས་པའི་དཔང་པོ་རྙེད་ཡོད་འདུག་ལ། ༢༠༢༣ ནས་རང་ལོ་༣༣ ཡིན་པའི་བུད་མེད་ཡུན་ཆིང་ཅན་(Yunqing Jian)ཟེར་བ་དེ་ཨ་རིའི་མེ་ཤིས་གྷན(Michigan)མངའ་སྡེའི་མཐོ་སློབ་ཀྱི་ཚན་རིག་བརྟག་དཔྱད་ཁང་དུ་འཛུལ་ཞུགས་བྱས་ཡོད་འདུག ཁོང་མོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པར་ཡང་བརྗོད་འདུག ཨ་རིའི་བདེ་སྲུང་འགོ་ཁྲིད་ཇེ་རོ་མི་(Jerome F Gorgon Jr)་ཟེར་བ་དེས་ནད་འབུ་དེའི་རིགས་ནི་ཨ་རིའི་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཡིན་པ་དང་། རྒྱ་རིགས་དེ་གཉིས་ཀྱིས་ནད་འབུ་དེ་གོང་གསལ་མངའ་སྡེའི་མཐོ་སློབ་ཀྱི་ཚན་རིག་བརྟག་དཔྱད་ཁང་དུ་ཁུར་ནས་མ་འོངས་པར་བྱ་སྤྱོད་ངན་པ་ཞིག་སྤེལ་རྒྱུའི་དམིགས་ཡུལ་ཡོད་པར་བརྗོད་འདུག
ད་ལྟའི་ཆར་གནད་དོན་དེ་ལ་ཨ་རིའི་གསང་བའི་ལས་ཁུངས་དང་ས་མཚམས་སྲུང་སྐྱོབ་ལས་ཁུངས་གཉིས་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་འདུག (The University of Michigan)མེ་ཤིས་གྷན་མངའ་སྡེའི་མཐོ་སློབ་ནས་བྷི་བྷི་སི་ལ་གོང་གསལ་རྒྱ་རིགས་གཉིས་ཀྱིས་ནད་འབུ་བརྟག་དཔྱད་ཆེད་དུ་རྒྱ་ནག་ནས་དངུལ་འབྱོར་མེད་ཚུལ་བརྗོད་འདུག་ཀྱང་། ནད་འབུ་ཁྱེར་ནས་ཨ་རིའི་བདེ་སྲུང་ལ་གནོད་པ་གཏོང་ཐབས་དང་། མཐོ་སློབ་ཀྱི་དམིགས་ཡུལ་དང་རྒྱབ་འགལ་གྱི་བྱ་སྤྱོད་སྤེལ་བ་ནི་མ་རབས་ཐ་ཤལ་གྱི་སྤྱོད་པ་ཡིན་པར་བརྗོད་འདུག
ཨ་རིའི་ཝ་ཤིན་ཊོན་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཧྥེང་ཡུས་་(Liu Pengyu)ཟེར་བ་དེས་ང་ཚོས་གནད་དོན་དེའི་སྐོར་ཤེས་རྟོགས་གང་ཡང་མེད། འོན་ཀྱང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་རྣམས་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཆ་ཚང་དགོས་པར་བརྗོད་འདུག ཉེ་ཆར་ཨ་རིའི་གཞུང་གིས་རྒྱ་རིགས་སློབ་མས་ཚོས་ཨ་རིའི་རྒྱལ་སྲུང་གི་གསང་བ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཉེས་མིང་འོག རྒྱ་རིགས་སློབ་མ་རྣམས་ཨ་རིའི་མཐོ་སློབ་ནང་དུ་ཡོང་རྒྱུར་བཀག་འགོག་བྱེད་རྒྱུ་འགོ་འཛུགས་བྱེད་བཞིན་པའི་སྐབས་སུ་གནད་དོན་དེ་བྱུང་ཡོད་འདུག དེ་བཞིན་བདུན་ཕྲག་འདིའི་ནང་གོང་གསལ་གྱི་མཐོ་སློབ་དེའི་ནང་དུ་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཚོས། ལོ་སྔོན་མའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས་སུ་ལྐོག་ནས་ཁྲིམས་འགལ་ཐོག་འོས་བླུགས་ཡོད་པ་ཤེས་རྟོགས་བྱུང་ནས་ཉེས་པ་བཅད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།