རྒྱ་མི་ཞིག་ལ་སྲོག་ཐོག་ཁྲིམས་ཆད།
རྒྱ་མི་ཞིག་གིས་ཕྱིའི་རྒྱལ་ཁབ་ཅིག་ལ་ཡིག་ཆ་༡༥༠,༠༠༠ ཡི་གསང་བ་ཕྱིར་གྱར་བྱས་པའི་རྐྱེན་གྱིས་སྲོག་ཐོག་གི་ཁྲིམས་ཐག་བཅད་འདུག
དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་གསང་བའི་ཐོག་ལས་ཀ་བྱེད་མཁན་གྱི་ལས་ཁུངས་ཤིག་གི་གློག་ཀླད་ཆེད་ལས་པ་ཧུང་ཡུ་ལས་ཁུངས་ནས་ཕྱིར་འབུད་བྱས་པས། ཁོང་ཁོང་ཁྲོ་ལངས་ཏེ། དྲ་རྒྱ་ཐོག་ནས་ཕྱིའི་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ཤིག་ལ་འབྲེལ་བ་བྱས་ནས། གསང་བའི་ཡིག་ཆ་༡༥༠,༠༠༠ བཙོང་ཡོད་སྐོར་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་བཀོད་ཡོད་འདུག
དེ་བཞིན་གནས་ཚུལ་དེའི་ནང་ཡིག་ཆ་དེ་དག་གི་ནང་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་དཔལ་འབྱོར་སོགས་ཀྱི་གསང་བ་མང་པོ་ཡོད་འདུག ཁོས་ཡིག་ཆ་དེ་དག་ཚོང་ཆེད་དུ་ཧོང་ཀོང་སོགས་ལ་ཐེངས་མང་ཕྱིན་པ་དང། ཨ་སྒོར་འབུམ་༧ ཐོབ་ཡོད་པས། གློ་བུར་དུ་དངུལ་མང་པོ་བྱུང་བའི་དོགས་གཞིའི་འོག ཕྱི་ལོ་༢༠༡༡ ལོར་འཛིན་བཟུང་བྱུང་ནས་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད་སྐོར་བཀོད་ཡོད་པ་ལས། ད་ལྟའི་ཆར་སྲོག་ཐོག་བཏང་ཡོད་མེད་དང། ཡང་ན་ག་དུས་གཏོང་རྒྱུ་ཡིན་སྐོར་གང་ཡང་བཀོད་མེད་པ་རེད། གནས་ཚུལ་དེ་དང་འབྲེལ་ནས་ཁོང་གི་ཆུང་མ་ལ་ལོ་༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང། ཁོང་གི་དེ་སྔོན་ལས་ཁུངས་གཅིག་པའི་ལས་རོགས་༢༩ ལ་ཉེས་པ་བཏང་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་དྲ་རྒྱའི་དོ་དམ་དང་འཇིག་སྐུལ་རིང་ལུགས་པར་སྟངས་འཛིན་སོགས་བདེ་འཇགས་ཀྱི་ཁྲིམས་གསར་པ་མང་པོ་བཟོས་ཡོད་པར། ཕྱིའི་རྒྱལ་ཁབ་མང་པོས་ཁྲིམས་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང། རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས། ཁ་ནས་སྐྱོན་བརྗོད་ཙམ་མ་གཏོགས་ལག་ལེན་ལ་གང་ཡང་བྱེད་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།