རྒྱ་མིའི་དབུགས་ལྒང་ཨ་རིས་གཏོར།

ཆེད་བརྗོད།

རྒྱ་གཞུང་གིས་ཆེད་གཏོང་བྱས་པའི་དབུགས་ལྒང་ཞིག་ཨ་རིའི་མཁའ་ཐོག་ཏུ་སླེབས་པ་དང་། ཨ་རིའི་སྲིད་འཛིན་བྷེ་ཌན་གྱིས་ལམ་སང་གཏོར་དགོས་པའི་བཀའ་བཏང་ཡང་། དྲག་པོའི་འགོ་ཁྲིད་ཁག་ཅིག་གིས་དེ་ལ་རྟོག་ཞིབ་བྱས་ན་མ་གཏོགས་ལམ་སེང་གཏོར་འོས་མིན་བསམ་ཚུལ་བྱུང་བ་བཞིན། ཉིན་ཤས་ངང་འཐེན་བྱུང་ཞིང་ཕྱི་ལོ་༢༠༢༣ ཟླ་༢ ཚེས་༤ རེས་གཟའ་སྤེན་པའི་ཉིན་ཨ་རིའི་དམག་གི་གནམ་གྲུས་དབུགས་ལྒང་དེ་གཏོར་ཡོད་པ་རེད། ཨ་རིའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་གིས་ཆེད་དུ་བཏང་བའི་དབུགས་ལྒང་དེ་ནི་དམག་དོན་གྱི་གསང་བ་རྐུ་འཁྱེར་བྱེད་ཆེད་ཡིན་པའི་དོགས་པ་བྱེད་བཞིན་ཡོད་པ་དང་། རྒྱ་དམར་གཞུང་གིས་དེ་ནི་ཁོར་ཡུག་དང་ཚན་རིག་གི་གནས་སྟངས་རྟོག་ཞིབ་ཆེད་ཡིན་པ་ལས། དམག་དོན་གྱི་གསང་བ་བསྡུ་ལེན་སོགས་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག་པ་མ་ཟད། ཨ་རིས་རྒྱ་ནག་གིས་ཆེད་གཏོང་བྱས་པའི་དབུགས་ལྒང་གཏོར་བའི་གནས་ཚུལ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་དང་ཡ་ལན་སློག་ངེས་ཡིན་ཞེས་རྒྱ་གཞུང་གིས་བསྒྲགས་འདུག
གནད་དོན་དེ་ལ་བརྟེན་ནས་ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་ལ་ཉེ་ཡང་ཕྱིར་འཐེན་བྱས་ཡོད་པ་དང་། ད་ལན་དབུགས་ལྒང་གི་གནད་དོན་ལ་བརྟེན་ནས་ཨ་རི་དང་རྒྱ་གཞུང་དབར་འགལ་ཟླ་ཆེ་རུ་སོང་ཡོད། ཨ་རིའི་ཆབ་སྲིད་མི་སྣ་ཁ་ཤས་ཀྱིས་རྒྱ་གཞུང་གིས་ཨ་རིའི་དམག་དོན་གྱི་གསང་བ་བསྡུ་ལེན་བྱེད་པའི་དབུགས་ལྒང་དེ་ནི། ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་བསྐྱོད་ལ་ཉེ་བའི་སྐབས་སུ་བཏང་ཡོད་པས། རྒྱ་གཞུང་གི་ངོས་ནས་ཆེད་དུ་ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་པར་བར་ཆད་གཏོང་ཆེད་དམིགས་ཡུལ་ངན་པ་ཡོད་ཚུལ་བརྗོད་འདུག དོན་དངོས་ཐོག་དབུགས་ལྒང་དེ་ཨ་རིའི་སྲིད་གཞུང་གི་ངོས་ནས་དོགས་པ་བྱས་པ་ལྟར་དམག་དོན་གྱི་གསང་བ་བསྡུ་ལེན་བྱ་རྒྱུའི་ཆེད་དུ་ཡིན་དང་། ཡང་ན་རྒྱ་གཞུང་གིས་བརྗོད་པ་བཞིན་གནམ་གཤིས་ཀྱི་གནས་སྟངས་ཙམ་རྟོག་ཞིབ་ཀྱི་ཆེད་དུ་ཡིན་མིན་ད་དུང་ཁ་གསལ་ཆགས་མེད་ནའང་། དབུགས་ལྒང་གཏོར་བའི་ལྷག་རོ་རྣམས་བསྡུས་ནས་བརྟག་དཔྱད་ཚད་ལྡན་བྱ་རྒྱུ་ཡིན་ཞེས་ཨ་རིའི་སྲིད་འཛིན་གྱིས་གསུངས་འདུག
ད་ལན་ཨ་རིས་རྒྱ་ནག་གི་དབུགས་ལྒང་གཏོར་བ་འདིས་རྒྱ་ནག་གི་གནས་སྟངས་གསལ་པོ་མཚོན་ཡོད། རྒྱ་ནག་སྲིད་གཞུང་དང་མི་མང་ཕལ་ཆེ་བའི་ངོས་ནས་རྒྱ་ནག་ནི་དམག་དོན་དང་དཔལ་འབྱོར་སོགས་གང་ཐད་ནས་ཨ་རི་ལ་ཁ་གཏད་གཅོག་ཐུབ་པའི་ནུས་པ་ཡོད་སྙམ་པའི་ང་རྒྱལ་ནི། དོན་དངོས་སུ་ང་རྒྱལ་གྱིས་ཡོངས་སུ་སྦོས་པའི་ལྒང་བུ་ཞིག་དང་གཅིག་མཚུངས་སུ་གྱུར་ཡོད། མི་འབོར་དང་ཁྲོམ་ར། ལག་རྩལ་སོགས་གང་ཐད་ནས་ད་ལྟའི་ཆར་རྒྱ་ནག་གི་སྟོབས་ཤུགས་ནི་རྒྱལ་སྤྱིའི་ནང་ཚད་མཐོར་སླེབས་ཡོད་པས། རྒྱ་ནག་གི་ང་རྒྱལ་གྱི་ལྒང་བུ་གཏོར་ཐུབ་མཁན་ནི་ཨ་རི་ལས་གཞན་མེད་པ་ལྟ་བུར་གྱུར་ཡོད། དེར་བརྟེན་ད་ལན་ཨ་རིས་ཚམ་ཚོམ་དང་འཛེམས་ཟོན་མེད་པར་རྒྱ་ནག་གིས་དབུགས་ལྒང་གཏོར་བ་དེས། དོན་དངོས་ཀྱི་ཐོག་ནས་རྒྱ་ནག་ནང་ཆབ་སྲིད་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་འདྲ་མཉམ་མེད་པར་གཅིག་སྡུད་དབང་འཛིན་བྱེད་མཁན་རྒྱལ་ཁབ་ཐ་ཤལ་ཞིག་ཡིན་ཡང་། རྒྱ་ནག་ལ་མངོན་པའི་ང་རྒྱལ་ཞིག་ཡོད་པ་དེ་མ་འོངས་པར་ཨ་རིས་དངོས་སུ་གཏོར་ཐུབ་ངེས་ཡིན་པའི་བརྡ་བསྟན།
ཐོག་མ་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་རོགས་རམ་གང་མང་བྱས་པ་དང་། རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ནང་རྒྱ་གཞུང་འཇུག་ཆེད་ཨ་རིས་འབད་བརྩོན་གང་མང་བྱས་པ་བརྒྱུད་ད་ལྟའི་རྒྱ་ནག་འདི་ལྟ་བུར་གྱུར་ཡོད་ཀྱང་། ཨ་རི་སོགས་ཀྱིས་ཐོག་མའི་ཆར་ཕྱོགས་གཅིག་ནས་རྒྱ་ནག་ནང་མི་འབོར་མང་བ་དང་། ལས་ལ་བརྩོན་པ། གླ་ཆ་ཆུང་བ། ཁྲོམ་ར་ཆེ་བ་བཅས་ལ་བརྟེན་ནས་ཡུལ་གྲུ་སོ་སོའི་ཚོང་གི་ཐོག་ནས་ཁེ་བཟང་རག་ཐབས་དང་། དེའི་ཞོར་དུ་རྒྱ་ནག་ཡར་རྒྱས་སུ་སོང་ན་རིམ་བཞིན་མང་གཙོའི་ལམ་ལུགས་དར་ཁྱབ་འགྲོ་རྒྱུའི་རེ་བ་བརྒྱབ་ཡོད་ཀྱང་། རྒྱ་གཞུང་དང་དེ་ལ་ཁ་ཞེ་གཉིས་མེད་ཀྱིས་ཡིད་ཆེས་བྱེད་མཁན་མི་མང་གི་ངོས་ནས་རྒྱ་ནག་ནི་གཞན་དང་མི་འདྲ་བའི་ཡར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། རིང་པོར་མི་ཐོགས་པར་ཨ་རི་ཡང་ཟིལ་གྱིས་གནོན་ཐུབ་པའི་ང་རྒྱལ་ཆེན་པོ་ཞིག་སྐྱེ་བཞིན་ཡོད་པས། ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འགོ་བའི་དཔེ་བཞིན་རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་སོང་མེད།
མདོར་ན་དེང་སྐབས་རྒྱ་གཞུང་ལ་རྒྱལ་སྤྱིའི་སྟེང་ནས་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་པ་དང་། ཨུ་རུ་སུས་ཡུ་ཀེ་རེན་ལ་བཙན་འཛུལ་དཔུང་འཇུག་བྱེད་བཞིན་པའི་གནས་སྟངས་ལ་བརྟེན། འཛམ་གླིང་ཡོངས་སུ་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུའི་ཉེན་ཁ་ཡོད་པས། རྒྱ་ནག་དང་ཨུ་རུ་སུའི་ཕྱོགས་གཏོགས་དང་། ཡུ་ཀེ་རེན་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིས་གཙོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་དབར་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་ཉེན་ཁའང་མེད་པ་གཏན་ནས་མིན། ད་ལྟའི་ཆར་རྒྱ་ནག་ལ་རྩ་བས་ཡར་རྒྱས་སོང་ཡོད་ནའང་། སྔོན་ཐོན་གྱི་རྒྱལ་ཁབ་དག་དང་བསྡུར་ན་གཞི་རིམ་ནས་བཟུང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་མེད་པ་དང་། གཙོ་ཆེ་ཤོས་ཆབ་སྲིད་ཀྱི་ཐོག་ནས་མི་མང་ལ་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་གཏན་ནས་མེད་པས། རྒྱ་ནག་གི་ཡར་རྒྱས་ནི་དོན་གྱིས་སྟོང་པའི་དབུགས་ལྒང་དེ་དང་གཅིག་པ་ཡིན་པས། ཨ་རི་ལྟ་བུས་རྒྱ་ནག་གི་ང་རྒྱལ་གྱིས་སྦོས་པའི་དབུགས་སྒང་དེ་དུས་ཐོག་གཏོར་ཐུབ་ན་མ་གཏོགས་མ་འོངས་པར་ལྕགས་ཀྱི་གོང་བུ་ཞིག་ཏུའང་འགྱུར་མི་སྲིད་པ་མ་རེད།།

Share this:

Leave a Reply