རྒྱ་མིའི་དམག་མི་༡༥༥ ཡིས་ཨུ་རུ་སུ་ལ་རོགས་རམ་བྱས་ནས་ཡུག་རེན་ལ་དམག་རྒྱག་བཞིན་ཡོད་པར་བརྗོད་འདུག

དེ་སྔོན་ཡུག་རེན་གྱི་དམག་མིས་རྒྱ་ནག་གི་དམག་མི་གཉིས་འཛིན་བཟུང་བྱས་ཡོད་ཅིང་། དམག་མི་དེ་གཉིས་ཀྱི་བརྒྱུད་ནས་ཤེས་རྟོགས་བྱུང་གསལ་ལ། ཨུ་རུ་སུའི་ནང་ད་བར་རྒྱ་མིའི་དམག་མི་ཁྱོན་༡༥༥ ཡོད་པར་བརྗོད་འདུག་ཀྱང་། རྒྱ་ནག་གཞུང་གིས་ད་དུང་ཁས་ལེན་བྱས་ཡོད་མི་འདུག་པ་མ་ཟད། གནས་ཚུལ་དེ་དག་ནི་ཁུངས་ལྡན་མིན་པའི་གནས་ཚུལ་ཡིན་སྐོར་རྒྱ་ནག་གཞུང་གིས་མགྲིན་ཚབ་པས་བརྗོད་འདུག

ཕྱི་ཚེས་༡༡ ཉིན་བྷི་བྷི་སི་གསར་ཁང་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། གཟའ་མིག་དམར་ཉིན་ཡུག་རེན་གྱི་དམག་མིས་དམག་འཁྲུག་རྒྱག་ས་ནས་རྒྱ་ནག་གི་དམག་མི་གཉིས་འཛིན་བཟུང་བྱས་ཡོད་འདུག་པ་དང་། གནད་དོན་དེ་ལ་བལྟས་ན་རྒྱ་ནག་གིས་ཨུ་རུ་སུ་ལ་རོགས་རམ་བྱེད་ཀྱི་མེད་ཅེས་རྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གིས་ཨུ་རུ་སུ་ལ་དམག་མི་གཏོང་གི་ཡོད་པའི་དཔང་རྟགས་རག་ཡོད་པས། ཡུག་རེན་གྱི་སྲིད་འཛིན་གྱིས་རྒྱ་ནག་གིས་གནད་དོན་དེའི་སྐོར་ལན་འདེབས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་བཞིན། ཁ་སང་རྒྱ་ནག་གཞུང་གི་མགྲིན་ཚབ་པ་(Lin Jian)ཡིས་རྒྱ་ནག་གི་ངོས་ནས་ཨུ་རུ་སུ་ལ་རྒྱ་ནག་གི་དམག་མི་བཏང་མེད་པ་དང་། རྒྱ་ནག་གིས་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་དམག་མི་བཏང་ཡོད་ཚུལ་བརྗོད་པ་དེ་ནི་ཁུངས་ལྡན་མིན་པའི་གནས་ཚུལ་ཡིན་ཞིང་། དམག་འཁྲུག་དེ་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གིས་འགན་ག་རེ་འཁྱེར་བཞིན་ཡོད་མེད་གསལ་པོ་ཤེས་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་ཚུལ་དང་། དེ་བཞིན་རྒྱ་ནག་གིས་རྒྱ་རིགས་མི་མང་ཚོ་ཕྱི་རྒྱལ་གྱི་དམག་འཁྲུག་དེ་དག་ནས་རྒྱང་ཐག་རིང་དུ་འདུག་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ཚུལ་བརྗོད་པ་(AlJaEERA)ཡིས་གནས་ཚུལ་བཀོད་འདུག 

ཡུག་རེན་གྱི་(Ukrainska Pravda)ཟེར་བ་དེས་གནས་ཚུལ་བཀོད་དོན་ལ། ཉེ་ཆར་ཡུག་རེན་གྱིས་འཛིན་བཟུང་བྱས་པའི་རྒྱ་མི་གཉིས་ནས་གཅིག་ལ་ཨ་སྒོར་༣༤༨༠ སྤྲད་ནས་ཨུ་རུ་སུ་ལ་ཁྲིད་ཡོད་པ་དང་། ཨུ་རུ་སུ་ཡིས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཐོག་ཏུ་དམག་སྦྱོང་སྤྲད་ནས་ཕྱིས་སུ་དམག་སར་བཏང་ཡོད་པར་བརྗོད་འདུག མི་དེའི་མཉམ་དུ་རྒྱ་རིགས་དམག་མིའི་རུ་ཁག་གཅིག་ཡོད་པར་ཡང་བརྗོད་ཡོད་འདུག རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་ཨུ་རུ་སུ་ལ་དམག་མི་གཏོང་གི་མེད་ཚུལ་དང་། བར་གནས་རྒྱལ་ཁབ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག་ཀྱང་། ཡུག་རེན་གྱི་སྲིད་འཛིན་གྱིས་ཨུ་རུ་སུའི་གཞུང་ནས་སྤྱི་ཚོགས་དྲྭ་རྒྱའི་ཐོག་ནས་རྒྱ་རིགས་དམག་མི་དེ་འདྲ་ལ་དངུལ་སྤྲད་ནས་བསྡུ་རུག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་དག་སྐོར་ཤེས་ཀྱི་ཡོད་པ། མ་ཟད་རྒྱ་རིགས་དམག་མི་དེ་དག་ཐོག་མར་ཨུ་རུ་སུའི་ནང་འབྱོར་དུས་དམག་སྦྱོང་དང་། དེ་བཞིན་ཡིག་ཆ་དང་དངུལ་སོགས་སྤྲོད་ཀྱི་ཡོད་པར་བརྗོད་འདུག 

ད་ལྟ་དྲྭ་ཐོག་ཏུ་ཡུག་རེན་གྱིས་འཛིན་བཟུང་བྱས་པའི་རྒྱ་མིའི་དམག་མི་གཉིས་ལ་ཁོང་གཉིས་ཨུ་རུ་སུ་ལ་གང་འདྲ་བྱས་ནས་འབྱོར་ཡོད་མེད་དང་། དངུལ་ག་ཚོད་སྤྲད་ཡོད་མེད་སོགས་དྲིས་པའི་བརྙན་ཞིག་བཏང་ཡོད་འདུག་པ་དང་། དེའི་ནང་རྒྱ་མིའི་དམག་མི་གཅིག་གིས་ཁོ་ཐེངས་དང་པོ་དམག་སར་ཡོང་དུས་རྒྱ་རིགས་འགའ་ཤས་མཉམ་དུ་ཡོད་པ་དང་། དེ་བཞིན་ཨུ་རུ་སུའི་དམག་མི་ཡང་འགའ་ཤས་ཡོད་ཀྱང་། དེ་ནས་ཡུག་རེན་གྱི་དམག་མིས་ཁོང་ཚོ་དམག་ས་ནས་འཛིན་བཟུང་བྱས་སོང་བས་། རྒྱ་རིགས་དམག་མི་གཞན་དག་ཤི་ཡོད་དང་གསོན་ཡོད་ཤེས་རྟོགས་མ་བྱུང་ཞེས་བརྗོད་འདུག

ད་ཆར་དབྱིན་ཡུལ་གྱིས་ཡུག་རེན་ལ་དབྱིན་སྒོར་ས་ཡ་༤༥༠ རིན་དོད་རོགས་རམ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་ལ། རོགས་རམ་དེའི་ནང་གོ་མཚོན་རིགས་ལས་མི་མེད་གནམ་གྲུ་དང་། འགོག་རྒོལ་མ་ལག གོ་མཚོན་གཏོར་ཆས་མ་ལག གཞན་གོ་མཚོན་རིགས་ལ་གཏོར་རྒོལ་ཕོག་ཚེ་བསྐྱར་བཟོ་བྱེད་ཆེད་ཀྱི་འཕྲུལ་ཆས་སོགས་སྤྲོད་རྒྱུ་ཡིན་པར་བརྗོད་འདུག དེ་བཞིན་ཡོ་རོབ་རྒྱལ་ཁབ་ཚོས་ཡུག་རེན་ནང་གི་དམག་འཁྲུག་དེ་མཚམས་འཇོག་ཡོང་ཐབས་སུ་སྦེལ་ཇམ་གྱི་རྒྱལ་ས་(Brussels)་ནང་དབྱིན་ཡུལ་དང་ཇར་མན་གཉིས་ཀྱི་གོ་སྒྲིག་འོག་ཁྱོན་རྒྱལ་ཁབ་༥༠ ཙམ་ཚང་འཛོམས་བྱེད་འཆར་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།