རྒྱ་མོ་དེར་སྤོབས་པ་འདི་འདྲ་ག་ནས་བྱུང་།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༧ ཕྱི་ལོ་ ༢༠༡༧/༡༠ /༡༡
ཟླ་འདིའི་ཕྱི་ཚེས་༡ ཉིན་དྷ་སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དཔའ་བོའི་རྡོ་རིང་གི་མདུན་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་ནང་དུ་རྒྱ་དམར་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་དང་། རྒྱ་དམར་གཞུང་གིས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མནར་གཅོད་བཏང་བའི་དངོས་བྱུང་འདྲ་པར་གྱི་འགྲེམས་སྟོན་ཞིག་བྱེད་བཞིན་པར། ཨ་རིར་གནས་སྡོད་བྱེད་མཁན་རྒྱ་ནག་སྐམ་ས་ཆེན་མོར་སྐྱེས་པའི་རྒྱ་མོ་ཞིག་གིས་འདྲ་པར་དེ་དག་རྫུན་མ་ཡིན་པ་སོགས་ངར་ངར་ཤོར་ཤོར་གྱིས་བརྗོད་ཅིང་། འདྲ་པར་རྣམས་ཅེམ་ཙེས་གཙབ་ཧྲལ་དུ་བཏང་བར། དགུ་བཅུ་གསུམ་གྱི་ཚོགས་གཙོས་གནས་ལུགས་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་ཉན་འཇོག་གཏན་ནས་མེད་པ་མ་ཟད། ལག་པ་འཆང་བ་དང་། ལྷག་པར་དུ་གསར་འགོད་པ་ཞིག་ལ་འགྲམ་ལྕག་གཞུས་པའི་གནས་ཚུལ་སོགས་མི་ཚང་མའི་མིག་མདུན་དུ་བྱུང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་༧གོང་ས་མཆོག་གི་ཕོ་བྲང་གི་ཉེ་འགྲམ་དུའང་རྒྱ་མོ་དེ་ལ་དེ་ལྟ་བུའི་སྤོབས་པ་ཆེན་པོ་ཆགས་ཐུབ་པའི་རྒྱུ་མཚན་དེ་དྲི་བ་ཞིག་ཏུ་གྱུར་ཡོད།
སྤྱིར་ད་ལྟའི་དུས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་འཚེ་མེད་ཞི་བའི་ལམ་ཕྱོགས་ཤིག་ཏུ་ཁ་ཞེ་གཉིས་མེད་ཀྱིས་ཤར་བསྐྱོད་བྱེད་བཞིན་ཡོད་པ་དེ་གསལ་སྟོན་བྱས་ཡོད་པ་རེད། དྷ་རམ་ས་ལ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ལྟེ་གནས་ཡིན་པ་དང་། གནས་འདིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ཚོགས་པ་ཁག་གནས་འདིར་རྟེན་གཞི་བྱས་ཡོད་པ་རེད། དྷ་རམ་ས་ལ་ནས་རྒྱ་མོ་གཅིག་ཙམ་དུ་མ་ཟད། རྒྱ་མི་བརྒྱ་ལ་ཉེས་རྡུང་གཏོང་དགོས་ཀྱང་མི་ཐུབ་པའི་སེམས་ཁྲལ་གང་ཡང་མེད་ཀྱང་། ད་བར་འཚེ་མེད་ཞི་བའི་ལམ་དུ་བསྐྱོད་རྒྱུའི་ལམ་སྟོན་དང་བསམ་བློ་དེ་བོད་མི་ཕལ་མོ་ཆེའི་གོམས་གཤིས་སུ་འཇགས་ཟིན་པའི་གནས་སྟངས་ལ་བརྟེན། རྒྱ་མོ་དེ་ལའང་སེམས་གཏིང་ནས་གདེང་ཚོད་སླེབས་པ་ཞིག་རེད། ཕྱོགས་གཅིག་ནས་གནས་ཚུལ་འདིའི་ཐོག་ནས་བོད་པའི་འཚེ་མེད་ཞི་བའི་བསམ་བློའི་གནས་བབས་དེ་གསལ་པོ་མཚོན་ཡོད་ཅེས་བརྗོད་ཆོག
ཕྱོགས་གཞན་ཞིག་ནས་བཤད་ན་བཙན་བྱོལ་བོད་མི་རྣམས་ནང་ཁུལ་དུ་ཕན་ཚུན་རྩོད་ལ་དགའ་ཞིང་། ཕྱོགས་འཐེན་གྱི་རྣམ་པ་ཧ་ཅང་གསལ་པོ་ཡོད་པའང་བོད་པ་མང་པོ་ཞིག་གི་རང་གཤིས་སུ་གྲུབ་ཟིན་པ་ལྟ་བུར་གྱུར་ཡོད། སྤྱི་ཚོགས་ཤིག་གི་གྲུ་ཟུར་ཡོངས་རྫོགས་བསམ་བློ་དང་ཤེས་ཡོན་གྱི་གནས་ཚད་སོགས་གཅིག་མཚུངས་གཏན་ནས་ཡིན་མི་སྲིད་པ་བཞིན། བཙན་བྱོལ་ནང་དུའང་སྐབས་རེ་ནང་གསོད་བྱེད་པ་དང་། ༧གོང་ས་མཆོག་གི་ཕོ་བྲང་གི་ཉེ་འགྲམ་རང་ནས་དགེ་སློང་གསུམ་དུས་གཅིག་ཏུ་བསད་པ་ལྟ་བུའི་གནས་ཚུལ་ཡིད་སྐྱོ་དགོས་པའང་བྱུང་མྱོང་ཡོད། འོན་ཀྱང་གོང་དུ་བོད་པའི་ངོས་སུ་འཚེ་མེད་ཞི་བའི་བསམ་བློའི་གོ་ཆ་བརྟན་པོ་ཡོད་པའི་སྐོར་དེ་སྤྱི་ཚོགས་ཀྱི་བརྒྱ་ཆ་མང་ཤོས་ཀྱི་ཆ་ནས་བརྗོད་པ་ཞིག་ཡིན། ད་ལྟའི་ཆར་དགྲ་ལ་བྱམས་སེམས་སམ་བཟོད་བསྲན་གྱིས་མ་འདེང་བ་ཕལ་ཆེར་མེད་ཀྱང་། བཙན་བྱོལ་བོད་མི་ནང་ཁུལ་དུ་༧གོང་ས་མཆོག་གི་ལམ་སྟོན་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་ཕན་ཚུན་གུས་བཀུར་དང་ཡིད་ཆེས་ཀྱིས་མ་འདེང་བའི་སྟོང་ཆ་དེ་ཆེན་པོ་ཡོད།
དེར་བརྟེན་སློབ་གསོའི་ཐོག་ནས་ཀྱང་མ་འོངས་པར་དགྲ་ལ་བྱམས་པའི་འདུ་ཤེས་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ད་ལྟའི་ལམ་དབུ་མའི་སྲིད་བྱུས་སམ། རྒྱུན་འཁྱོངས་གསུམ་ཁས་ལེན་གྱིས་རྒྱ་གཞུང་གི་རྩ་ཁྲིམས་འོག་ཏུ་གནས་རྒྱུའི་སྲིད་བྱུས་དེ་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་སློབ་ཚན་དུ་བཅུག་ནས་སློབ་ཕྲུག་རྣམས་ཀྱི་ཀླད་པ་གཙང་བཀྲུ་བྱེད་བཞིན་ཡོད་པས། མ་འོངས་པར་རྒྱུན་རིང་ཙམ་སོང་རྗེས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་རང་བཙན་སླར་གསོའི་བསམ་བློ་ཡོད་མཁན་གྱི་ན་གཞོན་གཅིག་ཀྱང་མེད་པ་ཞིག་ཡོང་བའི་རེ་བ་རྒྱག་གི་ཡོད་སྟབས། ཕྱོགས་གཅིག་ནས་མ་འོངས་པར་བོད་པ་ནང་ཁུལ་དུ་དགའ་མིན་དགའ་དོགས་ཀྱིས་འཁོན་རིས་འཛིང་རེས་བྱེད་སྲིད་པ་ལས། དགྲ་བོ་རྒྱ་དམར་གཞུང་ལ་འཁོན་འཛིན་དང་མི་དགའ་བའི་རྣམ་འགྱུར་དང་ལངས་ཕྱོགས་འཛིན་མཁན་ཞིག་མ་ཡོང་ན། མ་འོངས་པར་མུ་མཐུད་རྒྱ་རྒན་དང་རྒྱ་མོ་གང་མང་ཞིག་གིས་རིམ་བཞིན་དྷ་རམ་ས་ལ་ནས་ཀྱང་བོད་པའི་བདེན་དོན་ལས་འགུལ་ལ་བར་ཆད་དངོས་སུ་རྩོམ་ངེས་རེད།
མདོར་ན་འཚེ་མེད་ཞི་བའི་ལངས་ཕྱོགས་བཟུང་ནས་གཞན་གྱི་སྲོག་ལ་གནོད་པའི་ལས་བྱེད་མི་རུང་བ་འདི་ཉིད་བོད་པའི་རིག་གཞུང་དང་། བོད་པའི་བསམ་བློ། ད་ལྟའི་ཁོར་ཡུག་སོགས་གང་ཐད་ནས་གནད་འགག་ཆེན་པོ་ཡིན་ནའང་། དགྲ་གཉེན་གོ་ལྡོག་པའི་ལྟ་ཚུལ་ལམ། རྒྱ་མི་རིགས་ལ་དགའ་བའི་འདུ་ཤེས་མཆོག་འཛིན་དེ་ཉིད་ལ་བསྐྱར་ཞིབ་ཡག་པོ་ཞིག་མ་བྱས་ན། རྒྱ་གར་དུ་གནས་པའི་བོད་མི་སྐྱབས་བཅོལ་བའི་ལས་འགུལ་ཐོག་ལ་རྒྱ་མོ་གཅིག་གིས་བར་ཆད་རྩོམ་ཐུབ་པའི་ཁོར་ཡུག་འདི་ལྟ་བུ་ཞིག་ད་ལྟ་ནས་ཡོད་པས། མ་འོངས་པར་བོད་པའི་ལས་འགུལ་ལ་དངོས་སུ་བར་ཆད་རྩོམ་མཁན་མང་ནས་མང་དུ་འགྲོ་ངེས་རེད། ད་དུང་ཤུགས་དང་བརྒྱུད་ནས་བོད་དོན་ལས་འགུལ་ལ་བར་ཆད་བྱེད་མཁན་ཡོད་པར་ཚང་མས་ངོས་འཛིན་བྱེད་བཞིན་པ་དང་། རེ་ཟུང་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐོག་ནས་ལས་འགུལ་སྤེལ་བཞིན་པའང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཡོད། དེར་བརྟེན་དགྲ་གཉེན་གོ་ལྡོག་པའི་ཁོར་ཡུག་རྒྱ་ཆེ་རུ་སོང་ན་རིམ་པས་བོད་དོན་འཐབ་རྩོད་ཀྱང་འཇལ་ལྟར་ཡལ་ངེས་རེད།།