རྒྱ་རྒོལ་ལས་འགུལ་བ་བསྟན་འཛིན་ཉི་མ་དང་ཤུར་མོ་གཉིས་ཀྱི་ཆེད་དུ་མར་མེའི་ཁྲོམ་སྐོར།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་རྒྱ་རྒོལ་ལ་འགུལ་བ་བསྟན་འཛིན་ཉི་མ་དང་། ཤུར་མོ་གཉིས་ཀྱི་ཆེད་དུ་གོ་སྒྲིག་ཞུས་པའི་མར་མེའི་ཁྲོམ་སྐོར་ཐོག གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་“བསྟན་འཛིན་ཉི་མ་ལགས་ཁོང་ཡང་ནས་བསྐྱར་དུ་ང་རང་ཚོའི་བོད་མི་རིགས་ཀྱི་རྒྱལ་གཅེས་པ་གཅིག་དང་། བོད་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་ཕྱག་ལས་གནང་མཁན་གྱི་མི་ལུས་ཤིག་ལ་སྐྱེ་བར་ཤོག་”ཅེས་གསོལ་འདེབས་བྱས་སོང་།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱིས་ཕྱི་ཟླ་༡ ཚེས་༢༥ རེས་གཟའ་ཟླ་བའི་དགོང་མོར་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ་སྤེལ་བའི་མར་མེའི་ཁྲོམ་སྐོར་དེའི་ཐོག བོད་མི་བརྒྱ་ཕྲག་ཙམ་མཉམ་ཞུགས་ཀྱིས་ཉེ་ཆར་རྒྱའི་བཙོན་ཁང་གི་གདུག་རྩུབ་དྲག་པོའི་མནར་གཅོད་འོག་ནས་སྐུ་གྲོངས་པའི་བསྟན་འཛིན་ཉི་མ་དང་། དེ་བཞིན་ལོའི་ལྔའི་གོང་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཤུར་མོ་གཉིས་ལ་མྱ་ངན་དང་གུས་དུད་དང་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུས་སོང་།
དུས་རྒྱུན་ལྟར། ཁྲོམ་སྐོར་སྐབས་མི་མང་ཚོས་ལག་ཏུ་བསྟན་འཛིན་ཉི་མའི་སྐུ་པར་དང་ལྷན་དུ་སྒྲོན་མེ་ཐོགས་པ་དང་། (དཔའ་བོ་ཤུར་མོའི་སྐུ་པར་ལག་སོན་བྱུང་མེད།) བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་རུ་བསྒྲེངས་ནས་“བྱང་ཆུབ་སེམས་མཆོག་”སྐྱོར་བཞིན་མེག་གྷན་གྱི་ཁྲོམ་གཞུང་ལ་སྐོར་བ་གསུམ་བརྒྱབ་རྗེས། ཚོགས་པ་གསུམ་གྱི་སྐུ་ཚབ་ཀྱིས་ཁྲོམ་སྐོར་དགོས་པ་དང་འབྲེལ་བའི་གཏམ་བཤད་གནང་སོང་།
དགུང་ལོ་༡༩ ལས་མ་སོན་བའི་རྒྱ་རྒོལ་ལས་འགུལ་བ་བསྟན་འཛིན་ཉི་མའམ་རྟ་མེ་ནི་རྫ་ཆུ་ཁའི་དབོན་པོ་དགོན་པའི་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་གིས་ཕྱི་ལོ་༢༠༡༩ ཟླ་༡༡ ནང་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་ཐེངས་གཉིས་ལ་འཛིན་བཟུང་དང་བཀག་ཉར་བྱས་ནས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་༢༠༢༡ ཕྱི་ཟླ་༡ ཚེས་༡༩ ཉིན་སྐུ་གྲོངས་ཡོད།
མར་མེའི་ཁྲོམ་སྐོར་དེའི་ཐོག མགོན་པོ་དོན་འགྲུབ་ཀྱིས་“བསྟན་འཛིན་ཉི་མ་ལགས་རྒྱ་ཡི་བཙོན་ཁང་ནང་དུ་ལག་དམར་ཁོ་ཚོས་དམར་གསོད་བཏང་བ་ཞིག་ཆགས་བསྡད་ཡོད་རེད་”ཅེས་བརྗོད་སོང་།
བསྟན་འཛིན་ཉི་མ་དང་ལྷན་དུ་བོད་རང་བཙན་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་ནས་རྫ་དབོན་པོ་དགོན་པའི་དགེ་འདུན་པ་ལྔ་དང་། མི་སྐྱ་གཉིས་བཅས་བོད་མི་སྐྱ་སེར་བདུན་འཛིན་བཟུང་བཀག་ཉར་བྱས་པ་ལས། སེར་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རང་ལོ་༢༠ ཡིན་པའི་གྲྭ་ཆོས་འཕེལ་ལ་ལོ་བཞིའི་ཁྲིམས་ཐག་དང་། གྲྭ་འོད་ཟེར་ལ་ལོ་གསུམ་གྱི་ཁྲིམས་ཐག ལོ་ན་༡༦ སོན་པའི་གྲྭ་ཚུལ་ཁྲིམས་ལ་ལོ་གཅིག་གི་ཁྲིམས་ཐག ལོ་ན་༢༢ ལ་སོན་པའི་གྲྭ་ཉིས་མས་ལ་ལོ་ལྔའི་ཁྲིམས་ཐག མི་སྐྱ་ཆོས་རྒྱལ་དང་ཡོན་ཏན་ལ་ལོ་བཞིའི་ཁྲིམས་ཐག་བཅས་བཅད་པ་དང་། ལོ་ན་༡༥ ཡིན་པའི་གྲྭ་ཚུལ་ཁྲིམས་ལོ་ན་ཆུང་བའི་རྐྱེན་གྱིས་ཞིབ་བཤེར་བྱེད་བཞིན་པ། བསྟན་འཛིན་ཉི་མ་གཟུགས་གཞིའི་གནས་སྟངས་ཀྱི་རྐྱེན་པས་ཁྲིམས་ཐག་བཅད་མེད།
གཞོན་ནུའི་ཚོགས་གཙོས་“ད་ཐེངས་ལས་འགུལ་སྤེལ་མཁན་ཕལ་མོ་ཆེ་དགུང་ལོ་༢༢ ལས་ཆུང་བ་ཡིན་པ་དང་། དེས་བརྡ་ལན་ག་རེ་གཏོང་གི་ཡོད་རེད་ཟེར་ན། དགྲ་བོ་རྒྱ་དམར་གཞུང་གིས་གདུག་རྩུབ་ག་ཚོད་བཏང་བ་ཡིན་ན་ཡང་། དཔལ་འབྱོར་གྱི་འགྲོ་གྲོན་ག་ཚོད་བཏང་བ་ཡིན་ན་ཡང་། བོད་ཀྱི་འཐབ་རྩོད་དང་། ལྷག་པར་དུ་རང་དབང་རང་བཙན་གྱི་འཐབ་རྩོད་དེ་ག་དུས་ཡིན་ན་ཡང་བརླག་གི་མ་རེད་ཅེས་བརྡ་ལན་གསལ་པོ་གཏོང་གི་ཡོད་རེད་”ཅེས་བརྗོད་པའི་ཐོག “དུས་ཚོད་བགྲོད་འགྲོ་ཡི་རེད། མི་ཐོག་བརྗེ་འགྲོ་ཡི་རེད། ཡིན་ན་ཡང་ང་ཚོའི་འཐབ་རྩོད་ནམ་ཡང་བརླག་གི་མ་རེད་ཅེས་པ་ལག་བསྟར་བྱས་བསྡད་པ་ཞིག་ཆགས་ཀྱི་ཡོད་”བསྣན་སོང་།
རང་ལོ་༢༦ ལ་སོན་པའི་རང་སྲེག་རྒྱ་རྒོལ་ལས་འགུལ་བ་ཤུར་མོ་ནི་འབྲི་རུ་རྫོང་ཤག་ཆུ་ཁ་ནས་ཡིན་ཞིང་། ཁོང་གིས་༢༠༡༥ ལོར་རང་ལུས་མེར་བཏང་ནས་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་པ་དང་། འབྲི་རུ་རྫོང་དུ་དམ་དྲག་ཤིན་ཏུ་ཆེ་བར་བརྟེན་ཁོང་སྐུ་གྲོངས་པའི་གནས་ཚུལ་དེ་ལོ་ལྔའི་རྗེས་ཏེ། ༢༠༢༡ ལོར་གཞི་ནས་ཕྱི་ལོགས་སུ་ཐོན་ཡོད། ། (གནས་ཚུལ་སྔོན་སོང་དྲ་ཐག)
གསར་འགོད་པ་དཀོན་མཆོག་རབ་བརྟན།