རྒྱབ་རྟེན་བཅོལ་མི་རུང་བའི་རྒྱ་གཞུང།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༩ ཕྱི་ལོ་ ༢༠༡༦/༡/༢༧
བོད་པ་མང་པོ་ཞིག་གི་སེམས་ནང་དུ་དཔལ་འབྱོར་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད་པ་དང། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ་མ་ཟད། འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པས་མ་འོངས་པར་བོད་མི་རིགས་ཀྱི་རྒྱབ་རྟེན་དུ་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་དང། དེའི་ཐད་དུ་ཤུགས་སྣོན་རྒྱག་མཁན་ཡང་མང་པོ་མངོན་གསལ་དུ་གྱུར་ཡོད། ཕྱོགས་གཅིག་ནས་དཔལ་འབྱོར་དང་འཚོ་གནས་ཁོ་ན་ལས་རེ་བ་དང་དམིགས་ཡུལ་གང་ཡང་མེད་མཁན་ཞིག་གི་ངོས་ནས་བཤད་ན་རེ་བ་དེ་འོས་འཚམ་ཞིག་ཏུ་གྱུར་ཡོད་སྲིད་ཀྱང། ཡིད་ཆེས་བློ་གཏད་བྱེད་ཡུལ་གཏན་ནས་མེད་པའི་རྒྱ་དམར་གཞུང་ལ་དེ་ལྟ་བུའི་རེ་བ་བཅོལ་རུང་བ་ཞིག་ཡིན་མིན་ཡང་སྔོན་ཚུད་ནས་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེ། སྤྱིར་ད་ལྟའི་དུས་འདིར་སྔོན་དང་མི་འདྲ་བར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་ཆབས་གཅིག བོད་པའི་དཔལ་འབྱོར་གྱི་གནས་བབས་ལའང་ཅུང་ཙམ་ཡར་རྒྱས་ཀྱི་རྣམ་པ་མཐོང་རྒྱུ་ཡོད་པ་རེད།
འདས་པའི་ལོ་ཤས་ནང་བོད་ནང་གི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་དང། དེའི་རིང་གཙོ་བོ་གཅིག་ནི་བོད་པའི་རིག་དངོས་གཟི་སོགས་དང། ཐོན་རྫས་དབྱར་རྩྭ་དགུན་འབུ་སོགས་ཀྱང་རིན་གོང་ཧ་ཅང་ཆེན་པོ་འཕར་བ་དང། ཐ་ན་འབྲོག་ཁྱིའི་རིན་གོང་ཡང་ཚད་ལས་བརྒལ་བ་འཕར་བ་བྱུང་ཡོད། ལོ་སྔོན་མ་ནས་རྒྱ་གཞུང་གི་གཞུང་འབྲེལ་ཐོག་བོད་པའི་ཐོན་རྫས་དག་གོང་ཆུང་དུ་གཏོང་དགོས་པའི་ཐག་གཅོད་བྱས་པ་བརྒྱུད། ད་ལྟའི་ཆར་བོད་པའི་ཐོན་རྫས་ཕལ་ཆེ་བའི་རིན་གོང་མར་ཆག་ཡོད་པ་དང། རྒྱ་རིགས་ཀྱིས་ཐོན་སྐྱེད་བྱས་པའི་དངོས་པོ་དག་ཉིན་རེ་ནས་ཉིན་རེ་བཞིན་རིན་གོང་འཕར་བཞིན་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ནང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་འདི་ལྟར་གནས་བསྡད་པ་ཡིན་ན་བོད་པའི་དཔལ་འབྱོར་གྱི་གནས་སྟངས་དེ་ཉིད་ཧ་ཅང་སྐྱོ་པོ་ཆགས་རྒྱུ་ཡིན་པ་ནི་སྨྲོས་མ་དགོས་པ་རེད།
སྤྱིར་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་གཞུང་གིས་རོགས་རམ་གྱི་མིང་ཐོག་ནས་འགྲོ་སོང་མང་པོ་ཞིག་གཏོང་གི་ཡོད་ཀྱང། རང་ངོས་ནས་འབད་བརྩོན་བྱས་པའི་གོ་སྐབས་ཞན་ནས་ཞན་དུ་སོང་བ་ཡིན་ན། དཔལ་འབྱོར་དང་འཚོ་བའི་གནས་སྟངས་དེ་གཞན་བརྟེན་ཁོ་ན་རུ་འགྱུར་རྒྱུ་ལས་མེད་པས། མ་འོངས་པར་ཆབ་སྲིད་དང་རང་དབང་སོགས་ཕྱོགས་གང་ཐད་ནས་བོད་མི་རིགས་དེ་ཉིད་རྒྱ་མི་རིགས་ཀྱི་བྲན་གཡོག་ཁོ་ན་རུ་འགྱུར་རྒྱུ་ལས་ཐབས་ཤེས་གཞན་གང་ཡང་མེད། དེར་བརྟེན་ད་ལྟ་བོད་ནང་དུ་ཡོད་པའི་བོད་མི་དག་ལ་རྒྱ་གཞུང་གི་དཔལ་འབྱོར་ཐོག་ནས་སྲིད་བྱུས་འཛིན་སྟངས་འདི་ལ་བལྟས་ན། མ་འོངས་པར་བོད་མི་རིགས་ཀྱི་དཔལ་འབྱོར་ཐོག་ནས་ཀྱང་རྒྱ་གཞུང་ལ་རྒྱབ་རྟེན་འཚོལ་མི་རུང་བའི་མངོན་རྟགས་གསལ་པོ་ཐོན་པ་རེད། དེར་བརྟེན་བསམ་བློ་དང་རེ་བ་འདི་ལ་མདུན་ལམ་དང་ཕུགས་ཀྱི་ཁེ་ཕན་གང་ཡང་མེད་པ་བོད་མི་རིགས་ཀྱིས་ངོས་འཛིན་གསལ་པོ་དགོས་པ་རེད།
སྤྱིར་ད་ལྟའི་ཆར་རྒྱ་དམར་གཞུང་གིས་བོད་ནང་དུ་ཡག་པོ་བྱེད་བཞིན་ཡོད་པ་དང། གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་ཡར་རྒྱས་སོང་ཡོད་ཚུལ། བོད་ནང་གི་བོད་མི་ཚོའི་སེམས་པ་འགུགས་ཐབས་ཀྱི་ལས་འཆར་མང་པོ་བང་བསྒྲིགས་ནས་སྤེལ་བཞིན་པའི་སྐབས་སུའང། རྒྱ་གཞུང་གིས་བོད་མི་རིགས་ལ་དབྱེ་འབྱེད་འདི་འདྲ་བ་མངོན་སུམ་འཛེམས་མེད་ཀྱིས་བྱེད་བཞིན་ཡོད་པ་དང། དུས་རྒྱུན་རྒྱ་གཞུང་ལ་སྤྲེལ་ལད་ཁོ་ན་འཁྲབ་བཞིན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་གྱི་མིང་ཁུར་བ་བྱམས་པ་ཕུན་ཚོགས་ལའང་བོད་མི་རིགས་ཀྱི་ཁྲག་རྒྱུན་ཙམ་ཡོད་པ་རྒྱུ་མཚན་དུ་བྱས་ནས། རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་བྱེད་སྟངས་དེ་ལ་རང་བཞིན་གྱིས་སྐད་ངན་ཤོར་ཡོད་པ་འདིའང་འཛམ་གླིང་མི་མང་གི་མིག་མདུན་དུ་གསལ་པོ་ཆགས་ཟིན། དེར་བརྟེན་རྒྱ་གཞུང་གི་བྱེད་སྟངས་འདི་དག་དོན་དངོས་ཐོག་བོད་མི་རིགས་དེ་ཉིད། རྒྱ་གཞུང་ངམ་རྒྱ་མི་རིགས་ཀྱི་བྲན་གཡོག་ཁོ་ན་རུ་བསྒྱུར་རྒྱུའི་འཆར་གཞི་ཡིན་པ་དེ་དོན་གྱིས་ར་སྤྲོད་གསལ་པོ་བྱུང་ཡོད་པ་རེད།
མདོར་ན་རྒྱ་གཞུང་ནི། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་གང་ཐད་ནས་རེ་བ་དང་རྒྱབ་རྟེན་བཅོལ་རུང་བའི་རྒྱལ་ཁབ་ཅིག་མ་ཡིན་པ་དང། དུས་ནམ་ཞིག་བོད་པའི་མིང་ཙམ་ཡང་གོ་ལའི་ཁྱོན་དུ་མངོན་གསལ་མེད་པ་བཟོ་མཁན་བོད་མི་རིགས་ཀྱི་གཤེད་མ་འཇིགས་སུ་རུང་བ་ཞིག་ཡིན་པའི་ངེས་ཤེས་དེ་བོད་པ་མི་རེ་ངོ་རེ་ནས་སྐྱེ་ཐུབ་པ་ཞིག་བྱུང་ན། སྔ་རྗེས་ཙམ་མ་གཏོགས་བོད་ལ་རང་དབང་གི་གོ་སྐབས་ཤིག་འཆར་མི་སྲིད་པ་གཏན་ནས་མ་རེད། དེར་བརྟེན་གང་ལྟར་རྒྱ་དམར་གཞུང་ལྟ་བུ་ལ་ཡིད་ཆེས་བློ་གཏོད་བཅོལ་བ་ལས་རང་མི་རིགས་ཀྱི་རྐང་པའི་ཐོག་ཏུ་རང་ཉིད་ལངས་ཐུབ་པའི་བསམ་བློ་ཞིག་གཏོང་དགོས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་འཆི་གསོན་ནི་བོད་མི་ཁོ་ནའི་ལག་ཏུ་ཡོད་པ་ལས། ཕྱིའི་རྒྱབ་སྐྱོར་ལ་རག་ལས་མེད་པ་དང། རྒྱ་དམར་གཞུང་གི་ངོས་ནས་ཀྱང་བོད་ལ་སྙིང་རྗེ་བལྟ་རྒྱུའི་རེ་བ་ཞིག་གཏན་ནས་མེད་པས། བོད་པའི་འཆི་གསོན་བོད་པ་རང་ཉིད་ཁོ་ནའི་ཕུགས་བསམ་དང་སེམས་ཤུགས་དང་སྙིང་སྟོབས་བཅས་ལ་རག་ལས་པ་ཞིག་ཏུ་གྱུར་ཡོད།།