རྒྱབ་སྐྱོར་ལས་ཤུགས་རྐྱེན་གལ་ཆེ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༩ ཕྱི་ལོ་ ༢༠༡༦/༨ /༢༤
བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་གཞན་གྱི་ལུང་པར་སྐྱབས་བཅོལ་བའི་གནས་བབས་ཤིག་ཏུ་ཡོད་ལ། དེ་ལ་གཞིགས་པའི་ལས་འགུལ་དང་རྒྱབ་སྐྱོར་འཚོལ་སྟངས་སོགས་ཀྱང་ཕྱོགས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་སུ་ལ་མངོན་གསལ་བྱས་ནས་གྲོགས་པོ་སྒྲིག་དང་མི་སྒྲིག་གི་རང་དབང་ཆ་ཚང་ཡོད་ཀྱང། སྟོབས་ཆེན་རྒྱལ་ཁབ་མང་པོས་དེ་ལ་བསམ་ཞིབ་སྣ་ཚོགས་བྱས་ནས་རྒྱབ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་དང། ཆབ་སྲིད་ཀྱི་ཁེ་ཕན། མཚན་མཐོང་སོགས་ཕུགས་རྒྱང་རིང་པོའི་གནས་སྟངས་ལ་བསམ་བློ་གཏོང་དགོས་ཆགས་པའི་གནས་སྟངས་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། སྐྱབས་བཅོལ་བ་ཞིག་གི་གནས་བབས་ཐོག་ནས་བསམ་བློ་བཏང་ན། དེ་བས་ཀྱང་སྒྲིག་འཛུགས་ཀྱི་ཐོག་ནས་མངོན་གསལ་དོད་པོ་བྱས་ནས་གྲོགས་པོ་བསྒྲིགས་པའི་རྣམ་འགྱུར་སྤྱི་ཡོངས་ལ་གསལ་སྟོན་བྱེད་སྐབས་ཕྱོགས་མང་པོར་བསམ་བློ་གཏོང་དགོས་པ་ནི་དེ་བས་ཀྱང་སྨྲོས་མ་དགོས་པར་གྱུར་ཡོད།
དཔེར་ན་གནས་ཡུལ་རྒྱལ་ཁབ་རྒྱ་གར་གཞུང་ལ་མཚོན་ན་བོད་དོན་རྒྱབ་སྐྱོར་ཐོག་ཕྱི་ནང་གང་ཐད་ནས་གཞན་རྒྱལ་ཁབ་སུ་གཅིག་དང་བསྡུར་ཐབས་མེད་པའི་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན་སྟབས། རྒྱ་གར་གྱི་ཚོགས་པ་བྱེ་བྲག་པ་དམིགས་སུ་བཀར་བ་ལྟ་བུ་གཏན་ནས་མ་ཡིན་པར་ཚང་མ་བཀའ་དྲིན་ཆེན་པོ་འབའ་ཞིག་ཏུ་ངོས་འཛིན་བྱེད་ཆོག ལྷག་པར་དུ་ཆོས་ལུགས་བྱེ་བྲག་པའི་ལྟ་བ་གཙོར་གདོན་བྱེད་པའི་ཚོགས་པ་ལ་དམིགས་བསལ་གྱི་འབྲེལ་བ་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན་ན་དེ་ཙམ་འོས་བབས་ཡོད་པ་ཞིག་ཏུ་མཐོང་དཀའ། ཆུང་ས་ནས་བཤད་ན་ད་ལྟ་ཧི་མ་ཅལ་མངའ་སྡེའི་གཞུང་འཛིན་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་དག་ལ་མཚོན་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་དང། བོད་མིའི་སྒྲིག་འཛུགས་ལ་དམིགས་བསལ་གྱིས་གཟིགས་སྐྱོང་གནང་མཁན་ཞིག་ཏུ་ངོས་འཛིན་བྱས་ཀྱང་མི་འགྲིག་པ་མེད། ལོ་རྗེས་མ་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ཆེན་མོ་ལ་ཐུག་ཡོད་པས། ཚོགས་པ་སོ་སོའི་ཕྱོགས་འགལ་གྱི་རྣམ་པ་མངོན་གསལ་དུ་འགྲོ་བཞིན་པའི་སྐབས་སུ་དེ་བས་ཀྱང་གཟབ་དགོས།
སྔོན་གྱི་གནས་སྟངས་དང་གཏན་ནས་མི་འདྲ་བར་དེང་སྐབས་མང་ཉུང་ལ་མ་ལྟོས་པར་ཧི་མ་ཅལ་ཁུལ་དུ་རྒྱ་གར་གྱི་འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་གྱི་བོད་པའང་གང་འཚམས་ཤིག་ཡོད་སྟབས། བོད་པས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་གང་ལ་རྒྱབ་སྐྱོར་བྱེད་མིན་དང། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་དེ་ཚོགས་པ་བྱེ་བྲག་པ་གང་དང་འབྲེལ་བ་ཡོད་མེད་ཀྱི་ཐོག་ལ་རྒྱང་ལྟ་བྱེད་མཁན་དང། ཉེ་སར་བཅར་ནས་ཚོར་བ་རྣོན་པོ་ཡོད་མཁན་ཡང་ཡོད་ངེས་རེད། དེར་བརྟེན་རྒྱ་གར་གྱི་སྲིད་དོན་ཚོགས་པ་གང་ཡིན་ཁྱད་པར་མེད་པར་བོད་པ་ལ་རྒྱ་གར་གྱི་རྒྱབ་སྐྱོར་དགོས་པ་དེ་ཁོ་ན་ཡིན། དེར་བརྟེན་ད་ལྟའི་ཆར་རྒྱ་གར་གཞུང་དང་སྲིད་བློན་གྱི་རྒྱབ་ལྗོངས་ག་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར། རྒྱ་གར་གྱི་སྤྱི་ཚོགས་ནང་ལྟ་སྟངས་དང་ངོས་འཛིན་དམིགས་བསལ་ཡོད་པའི་ཆོས་ལུགས་བྱེ་བྲག་པའི་རྒྱབ་ལྗོངས་ཅན་གྱི་ཚོགས་པའི་རིགས་ཀྱི་འབྲེལ་བ་དང་རྒྱབ་སྐྱོར་ཕྱི་ནང་གསལ་ནང་བྱེད་རྒྱུ་དེ་གལ་གནད་ཆེན་པོ་མིན་པ་མ་ཟད། དུས་ཀྱི་བབས་དང་ཅུང་མ་འཚམས་ཤིག་ཏུ་ངོས་འཛིན་བྱས་ཀྱང་འགལ་བ་ཆེར་མེད།
དེར་བརྟེན་བཀའ་ཤག་དང། གྲོས་ཚོགས། སྲིད་སྐྱོང་དང་བཀའ་བློན་བྱེ་བྲག་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་སྤྱི་འཐུས་བྱེ་བྲག་པ་སུ་ཡིན་ཡང། རྒྱ་གར་འོས་བསྡུ་ཆེན་མོའི་སྐབས་སོགས་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་རྣོ་ངར་ཅན་གྱི་ཚོར་བ་དང་འབྲེལ་བའི་སྐབས་སུ་ཐུགས་སྣང་ངེས་པར་གནང་དགོས་པ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་བོད་གཞུང་དང། ཕྱིས་སུ་བོད་མིའི་སྒྲིག་འཛུགས་སུ་གྱུར་པའི་བརྒྱུད་རིམ་སོགས་སྔ་རྗེས་གང་ཐད་ནས་བསམ་ཡང་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་ཀོང་རི་སི་དང། བྷི་ཇེ་བྷི་སོགས་ཚོགས་པ་གཞན་གང་འདྲ་ཞིག་ཡིན་ཡང། བོད་པར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་སྟངས་ལ་ཁྱད་པར་གང་ཡང་མེད་པར་སྤྱི་མཚུངས་ལྟ་བུར་ངོས་འཛིན་བྱས་ཀྱང་མི་ཆོག་པ་མེད་ལ། སྐབས་རེ་གང་ཟག་སྒེར་གྱི་ངོས་ནས་ཁྱད་པར་ཅུང་ཙམ་རེ་སོང་ཡོད་པའི་དབང་དུ་བཏང་ཡང། དེ་ནི་མི་སྒེར་གྱི་ལས་དོན་བྱེད་ཕྱོགས་དང་ལྟ་སྟངས་ཙམ་ཡིན་པ་ལས། ཚོགས་པ་དེ་དང་དེའི་ལངས་ཕྱོགས་དང་སྲིད་བྱུས་ཤིག་ཏུ་ངོས་འཛིན་བྱེད་རུང་བ་ཞིག་གཏན་ནས་མིན།
མདོར་ན་ལོ་འདིར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་ལ་བོད་པས་རང་བཞིན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཀྱང། ཨ་རིའི་སྲིད་འཛིན་དུ་སུ་སླེབས་ཀྱང་ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་ལ་འགྱུར་བ་གང་ཡང་མེད་པ་ལྟ་བུར་གྱུར་ཡོད་ལ། བོད་པས་དོ་སྣང་བྱས་ནས་དམིགས་བསལ་ཕན་ཐོགས་ཡོད་པ་ཞིག་དང་དོ་སྣང་བྱེད་དགོས་པ་ཞིག་ཀྱང་མིན་སྙམ། ལོ་རྗེས་མ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་ཆེན་མོ་ཡིན་པས་འདི་ལ་ད་ལྟའི་ཆར་བཙན་བྱོལ་བོད་མི་སུ་གཅིག་གིས་དོ་སྣང་བྱེད་ཀྱི་མེད་ཀྱང། དོན་དངོས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ཧི་མ་ཅལ་དུ་ཡོད་པ་དང། ༧གོང་ས་མཆོག་གིས་དབུས་བོད་མི་མང་པོ་ཞིག་མི་ལོ་དྲུག་ཅུ་ལ་རེ་ཉེ་བའི་རིང་གནས་འདིར་བསྡད་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ལ་ལྟོས་དགོས་པའི་བོད་མི་ཞིག་ལ་མཚོན་ན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ལས་ཀྱང། རྒྱ་གར་ཧི་མ་ཅལ་མངའ་སྡེའི་འོས་བསྡུ་དེ་གལ་ཆེ་བར་ངོས་འཛིན་བྱེད་དགོས་པས། འོས་བསྡུ་ཆེན་མོ་དང་ཁེལ་བའི་སྐབས་སུ་ཕྱོགས་གང་དུའང་ཕོག་ཐུག་མི་འགྲོ་བ་ཞིག་ཏུ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེ་སྙམ།།