རྒྱའི་ཕྱི་སྲིད་བློན་ཆེན་གྱིས་ཋ་ལེ་བྷན་ཁ་ཆེའི་ཚོགས་པའི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་འདུག 

ཨ་རིའི་དམག་དཔུང་ཨབ་གྷ་ནི་སི་ཐན་ནས་ཕྱིར་འཐེན་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གིས་གོ་སྐབས་དམ་འཛིན་གྱིས་ཋ་ལེ་བྷན་ཁ་ཆེའི་ཚོགས་པའི་(Taliban) འགོ་ཁྲིད་ཚོར་ཐུག་འཕྲད་བྱས་འདུག 

ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang YI) ཀྱིས་རྒྱ་ནག་གི་གྲོང་ཁྱེར་ཐའེ་ཅིང་(Tianjin) དུ་ཋ་ལེ་བྷན་གྱི་འགོ་ཁྲིད་ཚོ་དང་ཐུག་འཕྲད་བྱས་འདུག་ཅིང་། དེ་ནི་པེ་ཅིང་སྲིད་གཞུང་གིས་ཨི་ཤི་ཡའི་དབུས་མའི་(Central Asia) ཁ་ཆེའི་ཋ་ལེ་བྷན་ཚོགས་པ་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་ལ་འབད་བརྩོན་གསར་ཤོས་དེ་ཆགས་ཡོད་འདུག 

ཐུག་འཕྲད་དེའི་ཐོག་ཕྱི་སྲིད་བློན་ཆེན་ཝང་ཡེས་ཀྱིས་ཋ་ལེ་བྷན་ནི་ཨབ་གྷ་ནི་སི་ཐན་ནང་གི་ཆབ་སྲིད་དང་དམག་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་འགྲེལ་བརྗོད་བྱས་པའི་ཐོག ཨབ་གྷ་ནི་སི་ཐན་གྱི་“ཞི་བདེ་དང་། བསྐྱར་གསོ། བསྐྱར་སྐྲུན་”གྱི་བརྒྱུད་རིམ་ནང་ལས་ཚོགས་པ་དེས་དོན་གལ་ཆེན་སྒྲུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག 

ད་ལོར་ཨ་རིའི་དམག་དཔུང་ཨབ་གྷ་ནི་སི་ཐན་ནས་དངོས་སུ་ཕྱིར་འཐེན་བྱས་རྗེས། རྒྱལ་ཁབ་དེའི་ནང་དུ་ཋ་ལེ་བྷན་ཁ་ཆེའི་ཚོགས་པས་རྒྱལ་ཁབ་སོ་སོའི་དབང་ཤུགས་མགྱོགས་མྱུར་རྒྱ་སྐྱེད་བྱས་ཏེ་ད་ལྟ་ས་ཁུལ་མང་པོ་ཞིག་དབང་འོག་ཏུ་བཅུག་ཟིན་པ་མ་ཟད། མི་མང་པོ་ཞིག་གིས་མི་འགྱངས་པར་རྒྱལ་ས་ཁ་བྷོའུ་(Kabul) ཡང་ཁོ་ཚོའི་དབང་སྒྱུར་འོག་ཏུ་འགྲོ་ངེས་པའི་སེམས་ཁྲལ་བྱེད་བཞིན་ཡོད་འདུག 

ས་ཁང་གི་མཇལ་འཕྲད་དེའི་ཐོག། ཕྱི་སྲིད་བློན་ཆེན་ཝང་ཡེས་ཀྱིས་ཨབ་གྷ་ནི་སི་ཐན་ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པའི་འགྲེལ་བརྗོད་དང་། རྒྱལ་ཁབ་དེའི་ལས་དབང་རྒྱལ་ཁབ་དེའི་མི་མང་གི་ལག་ཏུ་ཡོད་དགོས་པའི་སྐོར་ནན་བརྗོད་བྱས་ཡོད་འདུག 

གཞན་ཡང་། ཝང་ཡེས་ཀྱིས་ཋ་ལེ་བྷན་ཚོགས་པས་ས་ཁུལ་དེའི་བརྟན་ལྷིང་ཡར་རྒྱས་སྲུང་སྐྱོབ་ཆེ་དུ་ཤར་ཏུར་ཀི་སི་ཐན་ཁ་ཆེའི་ལས་འགུལ་ཚོགས་པ་(the East Turkestan Islamic Movement) དང་“འབྲེལ་བ་གཙང་གཅོད་”དགོས་ཞེས་བཤད་ཡོད་འདུག

རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ཁ་ཆེའི་ལས་འགུལ་ཚོགས་པ་དེ་“རྒྱལ་སྤྱིའི་དྲག་སྤྱོད་ཚོགས་པ་”ཞིག་ཡིན་ཚུལ་བཤད་ཀྱི་ཡོད་ཅིང་། ཚོགས་པ་དེས་ཤིང་ཅང་དུ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བའི་འཆར་གཞི་འཐེན་གྱི་ཡོད་རེད་ཟེར་ནས་ཤིང་ཅང་དུ་ཞི་རྒྱ་ཆེ་བའི་དྲག་གནོན་དང་ལྟ་སྲུང་བྱེད་ཀྱི་ཡོད་པ་རེད། 

ཁ་སང་རེས་གཟའ་ལྷག་པའི་ཉིན་ཨ་རིིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁི་(Antony Blinken) ཡིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་གར་གྱི་འགོ་ཁྲིད་ཚོ་དང་ཐུག་སྟེ་གཏམ་བཤད་གནང་བའི་ནང་། ཁོང་གིས་“ཞི་བདེ་དང་བརྟན་ལྷིང་ལྡན་པའི་ཨབ་གྷ་ནི་སི་ཐན་ཞིག་བྱུང་ན། རྒྱ་གར་དང་ཨ་རི་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོང་ངེས་”ཞེས་བརྗོད་པའི་ཐོག ཨ་རིའི་དམག་མི་ཕྱིར་འཐེན་བྱས་པའི་རྗེས་སུའང་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་རྣམས་མཉམ་འབྲེལ་གྱིས་ཨབ་གྷ་ནི་སི་ཐན་གྱི་མི་མང་གི་ཁེ་ཕན་དང་། ས་ཁུལ་དེའི་བདེ་འཇགས་ཆེད་དུ་ལས་དོན་མུ་མཐུད་སྒྲུབ་རྒྱུ་ཡིན་ཞེས་བསྣན་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།