རྒྱའི་བཙོན་ཁང་ནང་གྲོངས་པའི་དཀོན་མཆོག་སྦྱིན་པའི་ཆེད་དུ་མར་མེའི་ཁྲོམ་སྐོར།

རྒྱའི་བཙོན་ཁང་གི་སྡུག་སྦྱོང་མནར་གཅོད་ལ་བརྟེན་ནས་སྐུ་གྲོངས་མཁན་གསར་ཤོས་ཏེ། དཀོན་མཆོག་སྦྱིན་པའི་ཆེད་དུ་བཞུགས་སྒར་དྷ་སར་མར་མེའི་ཁྲོམ་སྐོར་ཞིག་བྱས་སོང་།

ཕྱི་ཟླ་༢ ཚེས་༡༩ རེས་གཟའ་པ་སངས་ཀྱི་དགོང་མོར་དྷ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས་བཞུགས་སྒར་དྷ་སའི་མེག་ལོར་ཁྲོམ་གཞུང་དུ་དཀོན་མཆོག་སྦྱིན་པའི་ཆེད་དུ་མར་མེའི་ཁྲོམ་སྐོར་ཞིག་གོ་སྒྲིག་བྱས་པའི་ནང་། དྷ་སའི་མི་མང་བརྒྱ་ལྷག་གིས་མཉམ་ཞུགས་བྱས་ཏེ་ཁོང་ལ་མྱ་ངན་གུས་འདུད་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་སོང་།

དཀོན་མཆོག་སྦྱིན་པས་སོ་སོའི་ཕ་ཡུལ་འབྲི་རུ་རྫོང་དུ་ཛ་དྲག་གི་གནས་སྟངས་ཅི་ཞིག་འབྱུང་བཞིན་པའི་གནས་ཚུལ་རྣམས་ཕྱི་ལོགས་ཀྱི་གསར་ཁང་ཁག་ཏུ་བཏང་བར་བརྟེན། རྒྱ་ནག་གཞུང་གིས་ཁོང་ ༢༠༡༣ ལོར་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ནས་ལོ་ངོ་ ༢༡ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་འདས་པའི་ལོ་ངོ་ ཙམ་གྱི་རིང་ལ་བཙོན་དུ་བཙུད་རྗེས། ཟླ་བ་འདིའི་ཚེས ཉིན་བཙོན་ཁང་གི་མནར་གཅོད་ལ་བརྟེན་ནས་སྐུ་གྲོངས་ཡོད་པ་རེད།

རྒྱལ་གཅེས་དཔའ་བོ་ཁོང་གི་ཆེད་དུ་གོ་སྒྲིག་ཞུས་པའི་མར་མེའི་ཁྲོམ་སྐོར་དེའི་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་གིས་དེར་འཛོམས་པའི་མི་མང་ཚོར་དཀོན་མཆོག་སྦྱིན་པ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་དང་། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་པའི་རྒྱུ་མཚན་མདོར་བསྡུས་ཤིག་འགྲེལ་བརྗོད་བྱས་པ་མ་ཟད། ཁོང་རྒྱ་ནག་གཞུང་རང་གིས་བསད་པ་ཡིན་མ་གཏོགས་ཀླད་པར་ཁྲག་འདྲེས་པ་དང་། གྲིབ་སྐྱོན་གྱིས་ཤི་བ་རྩ་བ་ཉིད་ནས་ངོས་ལེན་མེད་ཅེས་བརྗོད་སོང་།

རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ཙམ་མ་ཟད། རྒྱ་ནག་རང་གི་ཁྲིམས་རྩིས་མེད་རྡོག་རོལ་གྱིས་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ནས་གསོད་པ་དེ་རྒྱུན་སྲོལ་དུ་གྱུར་ཡོད། ཟླ་སྔོན་མའི་ཚེས་ ༡༩ ཉིན་དགུང་ལོ་ ༡༩ ལས་མ་སོན་བའི་རྫ་དབོན་པོ་དགོན་གྱི་དགེ་འདུན་པ་བསྟན་འཛིན་ཉི་མའམ་རྟ་མེ་བཙོན་ཁང་གི་ཚད་ལས་འདས་པའི་རྡུང་རྡེག་མནར་གཅོད་འོག་ནས་སྐུ་གྲོངས་ཡོད་ལ། ལོ་སྔོན་མའི་ཕྱི་ཟླ་ པའི་ནང་འབྲི་རུ་རྫོང་ནས་ཡིན་པའི་ཕྲུ་གུ་གསུམ་གྱི་ཨ་མ་ལྷ་མོ་རྒྱ་ནག་གི་ཉེན་རྟོག་པའི་གདུག་རྩོབ་ཀྱི་རྒྱག་རྡུང་ལ་བརྟེན་ནས་སྐུ་གྲོངས་པའི་གནས་ཚུལ་བྱུང་།

གསར་འགོད་པ་དཀོན་མཆོག་རབ་བརྟན།