རྒྱའི་མིས་བཟོས་དབྱར་རྩྭ་དགུན་འབུ་བོད་ཀྱི་ཁྲོམ་རར་འཛུལ་ཏེ་བོད་མིའི་འཚོ་བར་དོ་ཕོག་ཆེན་པོ་ཡོང་བཞིན་ཡོད་འདུག

རྒྱ་མོ་ཞིག་གིས་ངའི་ལག་ཡོད་པ་འདི་བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ་ངོ་མ་དེ་ཡིན་ཞེས་འཚོང་བཞིན་པ།

ད་ཆར་བོད་ནང་གི་བརྒྱུད་ལམ་ཁག་ནས་མི་མང་གི་རེ་སྐུལ་དང་བསམ་ཚུལ། དེ་བཞིན་སེམས་འཚབ་བཅས་མང་པོ་ཞིག་ལ་རྒྱུས་ལོན་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ཤས་སྔོན་རྒྱ་ནག་ནས་བོད་ཀྱི་ཁྲོམ་རར་དངོས་སུ་ཐོན་པའི་མིས་བཟོས་དབྱར་རྩྭ་དགུན་འབུ་ཟེར་བ་ལ་བརྟེན་ནས་བོད་མཐོ་སྒང་གི་དབྱར་རྩྭ་དགུན་འབུའི་རིན་གོང་ཆག་པ་དང་མི་མང་གི་འཚོ་བར་དོ་ཕོག་ཆེན་པོ་ཡོང་གི་ཡོད་འདུག 

སྤྱིར་རྒྱ་མི་ཚོས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་ཀྱི་ཚོད་ལྟ་དེ་ལོ་ཤས་སྔོན་ནས་བོད་ཀྱི་ས་ཁུལ་འགའ་ཤས་སུ་བྱས་ཡོད་འདུག་ཀྱང་ཁྲོམ་རར་ཐོན་མེད་པ་རེད། ལོ་ངོ་གསུམ་ཙམ་གྱི་གོང་ནས་དངོས་སུ་མིས་བཟོས་དབྱར་རྩྭ་དགུན་འབུ་དེས་བོད་མཐོ་སྒང་གི་རང་བྱུང་གི་དབྱར་རྩྭ་དགུན་འབུར་བརྫུས་ནས་རིན་གོང་ཆུང་ངུའི་ཐོག་བོད་ཀྱི་ཁྲོམ་རའི་ནང་བཙན་འཛུལ་གྱིས་བོད་མིའི་འཚོ་བ་ལ་དོ་ཕོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་འདུག ཐོག་མར་རྒྱ་ཡུལ་དུ་ཁེ་གཉེར་ཁང་ཆེ་བ་རེ་ཟུང་གིས་མིས་བཟོས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་སོགས་བྱེད་སྐབས་རིན་གོང་ཡང་བོད་ཀྱི་དབྱར་རྩྭ་དགུན་འབུ་དང་མཉམ་པའི་ཐོག་ནས་འཚོང་བཞིན་ཡོད་འདུག་པས། དེ་དུས་བོད་ཀྱི་འབུའི་ཁྲོམ་རར་གནོད་པ་དེ་ཙམ་ཡོང་གི་མེད་པ་ཡིན་འདུག

འོན་ཀྱང་ད་ཆར་རྒྱ་ནག་ཏུ་མིས་བཟོས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་སོགས་བྱེད་མཁན་ཁེ་གཉེར་ཁང་ཉིས་བརྒྱ་སུམ་བརྒྱའི་སྐད་ཆ་ཤོད་བཞིན་འདུག་ལ། དེ་དག་གིས་ཕན་ཚུན་འགྲན་རྩོད་བྱས་ནས་མིས་བཟོས་དབྱར་རྩྭ་དགུན་འབུ་རིན་གོང་ཆུང་ངུའི་ཐོག་འཚོང་བཞིན་ཡོད་འདུག དཔེར་ན་བོད་མཐོ་སྒང་གི་རང་བྱུང་དབྱར་རྩྭ་དགུན་འབུ་རྒྱ་མ་གང་རེ་ལ་སྒོར་ཁྲི་དགུ་ནས་བཅུ་རེ་ཡིན་སྐབས། མིས་བཟོས་དབྱར་རྩྭ་དགུན་འབུ་རྒྱ་མ་གང་རེ་ལ་སྒོར་ཁྲི་གཉིས་ནས་གསུམ་བར་བྱས་ནས་འཚོང་གི་ཡོད་འདུག་ལ། དེ་བཙོངས་པ་ཙམ་མ་ཟད་བོད་པའི་ཁྲོམ་རའི་ནང་དུ་བོད་འབུ་ཡིན་པའི་ཚུལ་གྱིས་འཛུལ་ཏེ་ཉམས་མྱོང་ཞན་པའི་མི་ཚོས་ཧ་གོ་དཀའ་བ་ཞིག་ཆགས་ཡོད་འདུག ཁོང་ཚོས་འབུ་བླུག་སའི་ཤོག་སྒམ་སོགས་ཀྱི་ངོས་སུ་བོད་ཀྱི་ས་ཁུལ་ནས་འབུ་སྤུས་ཀ་ཡག་ཤོས་གྲས་ནག་ཆུའི་དབྱར་རྩྭ་ལྟ་བུ་བོད་ཀྱི་ས་ཁུལ་གྱི་མིང་བྲིས་ཏེ་རྫུན་ཚོང་བྱེད་བཞིན་ཡོད་འདུག་པ་དང། ལྷ་ས་བོད་ཀྱི་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཟེར་བ་ཞིག་ཡོད་འདུག་ཀྱང་ཁོང་ཚོས་དེ་དག་གི་ཐོག་ཁ་ནས་བཤད་པ་ཙམ་ལས་དོན་དུ་ལས་ཀ་བྱེད་ཀྱི་མི་འདུག་ཅེས་བོད་མི་འགས་སྐྱོན་རྗོད་བྱེད་བཞིན་འདུག

འདི་ལོའི་ཕྱི་ཟླ་༤ པ་ཡས་མས་སུ་མཚོ་སྔོན་གྱི་ས་ཆ་མང་པོར་མིའི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱས་པའི་དབྱར་རྩྭ་དགུན་འབུ་དེ་ཕྱི་ནས་ཁྱེར་ཡོང་བའི་བཙན་འཛུལ་སྐྱེ་དངོས་ཡིན་པས་མངའ་ཁོངས་ཁུལ་ལ་མིའི་ཐབས་ལ་བརྟེན་པའི་དབྱར་རྩྭ་དགུན་འབུ་དེ་རིགས་འདེབས་འཛུགས་བྱས་ཚེ་འབྲེལ་ཡོད་གཏན་འབེབས་གཞིར་བཞག་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག་ཀྱང་། དོན་དངོས་སུ་ལག་ལེན་གང་ཡང་མེད་པར་ཡིན་འདུག་ལ། དེ་བཞིན་ལྷ་སར་ཡོད་པའི་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཟེར་བས་མིས་བཟོས་དབྱར་རྩྭ་དགུན་འབུ་རྫུན་ཚོང་བྱེད་པའི་ཁུངས་བདེན་གྱི་གནས་ཚུལ་མཐོང་ཚེ་ཁོང་ཚོར་འབྲེལ་བ་བྱས་ན་རྔན་པ་སྒོར་ཉིས་སྟོང་རེ་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག་ཀྱང་། དོན་དངོས་སུ་མི་མང་གིས་འབྲེལ་བ་བྱེད་སྐབས་ཁ་པར་ཨང་དེ་རྫུན་མ་ཞིག་ཡིན་པར་རྗོད་མཁན་འདུག་ལ། གང་ལྟར་ཡ་བྱེད་ཀྱི་ཡོད་མི་འདུག

ཕྱི་ཟླ་༩ པའི་ཚེས་༢༧ ཉིན་ཞིང་ཆེན་ལྔའི་ཧྲུའུ་ཅི་གཞོན་པ་ཟེར་བ་སོགས་དང་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་འགན་འཛིན་རྣམས་ཟི་ལིང་དུ་འཛོམས་ཏེ་ཚོགས་འདུ་ཞིག་འཚོགས་ཡོད་འདུག་ཀྱང་། སྐབས་དེའི་གྲོས་གཞི་ཟེར་བའི་ཡི་གེའི་ནང་དུ་མཐོ་སྒང་གི་དབྱར་རྩྭ་དགུན་འབུའི་ཕན་ཡོན་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་ཟེར་བ་སོགས་ལས། དེའི་ནང་དུ་བོད་དུ་ཡོང་ཞིང་བོད་ལྭ་གྱོན་ནས་དྲྭ་ཐོག་ནས་མིས་བཟོས་དབྱར་རྩྭ་དགུན་འབུ་དེ་བོད་མཐོ་སྒང་གི་རང་བྱུང་དབྱར་རྩྭ་དགུན་འབུ་ཡིན་ཟེར་ནས་འཚོང་མཁན་ཚོ་བཀག་འགོག་དང་། འབུ་བཟང་ངན་དང་བདེན་རྫུན་གྱི་དབྱེ་བ་འབྱེད་སྟངས་སོགས་ཀྱི་སྐོར་གྲོས་བསྡུར་དང་གཏམ་བཤད་ནན་པོ་ཞིག་དགོས་ངེས་ཀྱང་གང་ཡང་བྱས་ཡོད་མེད་པ་དང་། བོད་ཀྱི་དབྱར་རྩྭ་དགུན་འབུ་ནི་བོད་མིའི་འཚོ་བ་དང་ཁ་ཡོད་ལག་ཡོད་ཀྱི་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ཞིག་ཡིན་པས་དེ་ཚོར་དོ་སྣང་མ་བྱས་པ་ནི་ནོར་འཁྲུལ་ཡིན་པ།  དེ་ཚོ་ཁྲིམས་ལུགས་ཀྱི་ཐོག་ནས་བཀག་འགོག་མ་བྱས་ན་ཕན་ཐོགས་མེད་པ། དེ་བཞིན་འགོ་ཁྲིད་རྣམས་ཀྱིས་རྗེས་སུ་དབྱར་རྩྭ་དགུན་འབུའི་ཡོང་འབབ་མང་དུ་གཏང་རྒྱུར་རོང་འབྲོག་མང་ཚོགས་ཀྱི་རེ་བ་ཆེ་ཤོས་དེ་ཡིན་པ་ཤེས་དགོས་པ་དང་། སྤྱིར་ད་བར་ཚོགས་འདུ་འཚོགས་ནས་དེ་འབྲེལ་གྱི་གྲོས་གཞི་ཁ་ཤས་བྱུང་ཡོད་འདུག་ཀྱང་ཁ་ནས་བཤད་པ་ཙམ་ལས་གཙོ་བོ་ལག་ལེན་མེད་པར་བོད་མི་ཚོས་སྐྱོན་བརྗོད་བྱེད་བཞིན་འདུག

མིས་བཟོས་དབྱར་རྩྭ་དགུན་འབུ་བཟོ་ལས་བྱེད་མཁན་ཚོས་བོད་ཀྱི་དབྱར་རྩྭ་དགུན་འབུ་ད་ལྟ་གྲངས་ཉུང་དུ་ཕྱིན་ནས་རྩ་སྟོང་འགྲོ་ཉེའི་མཚམས་སུ་བསླེབས་ཡོད་པས་ཁོང་ཚོས་དེ་ལ་རོགས་པ་བྱེད་བཞིན་ཡོད་པར་རྗོད་ཀྱི་ཡོད་འདུག་ལ། བོད་མི་ཚོང་པ་སྒེར་འགའ་ཡིས་རྒྱ་ནག་ཏུ་ཕྱིན་ནས་དབྱར་རྩྭ་དགུན་འབུའི་རིན་གོང་མེད་ན་བོད་མི་ཚོའི་འཚོ་བར་དཀའ་སྡུག་འཕྲད་བཞིན་ཡོད་པ་སོགས་ཀྱི་སྐོར་ཁྲིམས་གཏུག་བྱས་ཡོད་འདུག་ཀྱང་། སྐབས་དེར་ཁྱེད་ཚོར་མི་ཁྲི་བདུན་བརྒྱ་ཡས་མས་ཡོད་སྐད་འདུག་པས། མི་ཁྲི་དུ་ཙམ་ལ་གནོད་པ་བྱུང་བ་དང་དཔལ་འབྱོར་ག་ཚོད་གྱོང་གུན་བྱུང་ཡོད་མེད་མི་རེ་རེ་ནས་བདེན་དཔང་ཁྱེར་ཤོག་བཤད་ནས་དང་ལེན་བྱས་ཡོད་མི་འདུག 

ད་སྐབས་མིས་བཟོས་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་བོད་ཀྱི་དབྱར་རྩྭ་དགུན་འབུའི་རིན་གོང་ཆག མི་མང་པོ་ཞིག་གིས་རང་ཉིད་ཀྱི་བོད་མཐོ་སྒང་ནས་སྐྱེས་པའི་རང་བྱུང་གི་དབྱར་རྩྭ་དགུན་འབུ་དེ་དག་ཕམ་ཚོང་ཡང་བྱེད་མི་ཕོད། མ་བཙོངས་ན་འཚོ་བར་དཀའ་ངལ་འཕྲད་ཉེན་ཐོག་ཡོད་འདུག དབྱར་རྩྭ་དགུན་འབུ་རྫུན་མ་དེ་ངོ་མ་དང་བསྡུར་ན་ནུས་པ་དང་བྲོ་བ་སོགས་མེད་པ་ཞིག་ཡིན་འདུག་འོན་ཀྱང་ཀུ་ཤུ་ཁ་པར་ལྟར་ཐོན་རིམ་ལ་འགྱུར་བ་འགྲོ་བཞིན་ཡོད་པར་བརྗོད།  ཉམས་མྱོང་མེད་པ་དང་ལྟ་མི་ཤེས་མཁན་ཚོར་མགོ་སྐོར་ཐེབས་བཞིན་ཡོད་འདུག སྤྱིར་བོད་ནང་དུ་རྒྱ་མིས་ཆ་བགོས་བྱས་པའི་ཞིང་ཆེན་ལྔ་དང་གྲོང་ཁྱེར་གཅིག་ཟེར་བའམ་བོད་ས་ཡོངས་ནས་བོད་མི་མང་པོ་ཞིག་གི་འཚོ་བར་དབྱར་རྩྭ་དགུན་འབུར་བརྟེན་ཡོད་པ་དང་། ལྷག་ཏུ་རྒྱ་གཞུང་གིས་འབྲོག་པ་མང་པོ་ཞིག་སྒོ་ཕྱུགས་སེམས་ཅན་རྣམས་རྩ་མེད་ཀྱིས་གྲོང་ཁྱེར་དུ་བཙན་སྤོས་བྱས་ཡོད་པ་དང་། དེ་དག་གྲོང་ཁྱེར་དུ་ལས་ཀ་མི་རག་པས་དབྱར་རྩྭ་དགུན་འབུ་བརྐོ་སྐབས་སོ་སོའི་ལུང་པ་སོགས་ལ་དབྱར་རྩྭ་དགུན་འབུ་བརྐོ་འགྲོ་བཞིན་ཡོད་འདུག་ཀྱང་། ད་ཆར་སྤྱིར་གནམ་གཤིས་སོགས་ཀྱིས་འབུ་སྐྱེ་མི་སྐྱེ་སྣ་ཚོགས་ཡོང་བཞིན་པ་དང་། དེ་བས་མིས་བཟོས་དབྱར་རྩྭ་དགུན་འབུས་རང་བྱུང་གི་འབུའི་རིན་གོང་ཆེན་པོ་ཆག་པར་བྱེད་ཀྱི་ཡོད་འདུག་པས་བོད་མི་ཚོར་སེམས་འཚབ་དང་འཚོ་བར་དོ་ཕོག་ཆེན་པོ་ཡོང་བཞིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།