རྒྱལ་ཁབ་༡༩ཡི་དཔལ་འབྱོར་གྱི་གནས་སྟངས་ལ་ཉེན་ཁ་འཕྲད་འདུག

ཟླ་འདིའི་ཚེས་༡༢ཉིན་WIONཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།ཤྲི་ལང་གའི་ཡུལ་དུ་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ཆེན་མོ་འཕྲད་བཞིན་ཡོད་པ་ལྟར།ད་ལྟའི་ཆར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ལ་དེ་བཞིན་དཀའ་ངལ་འཕྲད་ཉེན་ཡོད་པའི་གནས་ཚུལ་སྤེལ་འདུག

ད་ལྟའི་ཆར་པ་ཀི་སི་ཐན་དང་ཛོམ་བྷ་ཡ(Zambia)།ལེ་བྷན་ནོ་(Lebanon)དང་གྷ་ན་(Ghana)སོགས་ཉུང་མཐར་ལ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཅུ་དགུའི་ནང་དུ་ཡོང་འབབ་ཉུང་དྲགས་པ་དང་བུ་ལོན་སྤྲད་ཚད་ཇེ་མཐོ་རུ་འགྲོ་པ།ཕྱི་དངུལ་བརྗེ་ལེན་གསོག་འཇོག་བྱས་པ་དེ་མར་ཆགས་བཞིན་པ་དང་རྒྱལ་ཁབ་ཀྱི་ནང་དུ་ཡོང་སྒོ་ལས་འགྲོ་སོང་ཆེ་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན།རྒྱལ་ཁབ་དེ་དག་ཀྱང་ཤྲི་ལང་ག་བཞིན་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་འཕྲད་ཉེན་ཡོད་རབས་ཀྱི་གནས་ཚུལ་སྤེལ་འདུག

རྒྱལ་ཁབ་དེ་དག་ལ་དཀའ་ངལ་དེ་འདྲ་འཕྲད་དགོས་དོན་ནི་གཙོ་བོ་ནི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་ཕྱིན་པའི་རྐྱེན་གྱིས་ཡིན་འདུག དེ་ཡང་ནད་ཡམས་དེ་ཡི་དབང་གིས་སྨན་ཁང་དང་ནད་པ།སྨན་ཁབ་སོགས་འཕྲོད་བསྟེན་གྱི་ཐོག་ལ་འགྲོ་སོང་ཕོན་ཆེན་གཏོང་དགོས་བྱུང་ཡོད་པའི་ཐོག་ཡུལ་སྐོར་སྤྲོ་འཆམ་པ་ལས་བྱུང་བའི་ཡོང་འབབ་འགག་པ་སོགས་གཞུང་གི་ཡོང་འབབ་ཀྱིས་འགྲོ་སོང་མ་འདང་བའི་དཀའ་ངལ་བྱུང་ཡོད་རབས་དང་།དེ་བཞིན་ཨ་སྒོར་གྱི་འཛའ་འཕར་པ་བརྟེན་བུ་ལོན་དང་དངོས་ཟོག་ནང་འདྲེན་ལ་དངུལ་ཇེ་མང་དུ་སྤྲད་དགོས་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་འདུག གཞན་ཡང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་ཀྱི་ནུས་པ་ཞན་པའི་སྟབས་ཀྱི་ཡིན་ཚུལ་བརྗོད་ཡོད་དེ།ཤྲི་ལང་གའི་སྲིད་འཛིན་གྱིས་རྫས་ལུས་ནང་འདྲེན་བྱེད་རྒྱུ་བཀག་སྡོམ་བྱས་པར་བརྟེན་ཞིང་པ་རྣམས་ཀྱི་སྟོན་འབྲས་ལ་དཀའ་ངལ་སྤྲད་ཡོད་པ་དང་དཔྱ་ཁྲལ་བསྡུ་རྒྱུ་ཇེ་ཉུང་དུ་བཏང་བས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་འབབ་ལ་ཤུགས་རྐྱེན་སྤྲད་པ་སོགས་ཁོང་གིས་ནོར་འཁྲུལ་མོང་པོ་ཞིག་ཡང་ནས་བསྐྱར་དུ་བཟོས་ཡོད་པ་དང་།ནོར་འཁྲུལ་དེ་དག་ནི་ད་ལྟའི་དཀའ་ངལ་གྱི་འབྱུང་རྩའི་ཆ་ཤས་སུ་འགྱུར་ཡོད་ལྟར།རྒྱལ་ཁབ་དེ་དག་གི་དབུ་ཁྲིད་ཚོའི་ནུས་པས་མ་འདང་བ་ཡིན་ཚུལ་བརྗོད་འདུག་ལ།རྒྱུ་མཚན་དེ་དག་གི་སྒང་ལ་ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་དང་ནུབ་ཕྱོགས་པ་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པ།རྒྱ་ནག་གི་ཏོག་དབྱིབས་གཉན་རིམས་༡༩མེད་པ་བཟོ་བྱེད་ཀྱི་ཀླད་ཀོར་གྱི་སྲིད་བྱུས་སོགས་ཀྱིས་ཀྱང་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་ཉམས་ཉེས་ལ་ཤུགས་རྐྱེན་སྤྲད་ཡོད་པའི་སྐོར་གྱི་གནས་ཚུལ་སྤེལ་འདུག

ལོ་འདིའི་སྤྱི་ཟླ་གཉིས་པའི་ནང་དུ་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་མ་བྱེད་པའི་སྔོན་དུ་འཛམ་གླིང་དངུལ་ཁང་གིས་རྒྱལ་ཁབ་བདུན་ཅུའི་མིང་བཏོན་ནས་རྒྱལ་ཁབ་དེ་དག་ལ་དཔལ་འབྱོར་ཉམས་ཉེས་དང་བུ་ལོན་གྱི་དཀའ་ངལ་འཕྲད་ཉེན་ཡོད་པའི་ཉེན་བརྡ་ཞིག་བཏང་ཡོད་ལ།ལོ་འདིའི་སྤྱི་ཟླ་གསུམ་པའི་ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་བཏོན་ཡོད་པ་དང་།སྙན་ཐོ་དེའི་ནང་དུ་རྒྱལ་ཁབ་༡༠༧ལ་ཟ་མའི་རིན་གོང་དང་ནུས་པའི་རིན་གོང་འཕར་རྒྱུ་དང་དཔལ་འབྱོར་གྱི་གནས་སྟངས་ཇེ་ཆེ་འགྲོ་བ་བཅས་དཀའ་ངལ་གསུམ་ལས་གང་རུང་གཅིག་འཕྲད་རྒྱུ་ཡིན་པ་དང་།རྒྱལ་ཁབ་དེ་དག་ལས་རྒྱལ་ཁབ་༦༩་དཀའ་ངལ་དེ་གསུམ་ཀ་ཕྲད་ནས་ཤྲི་ལང་གའི་གནས་སྟངས་བཞིན་ཡོང་སྲིད་པའི་སྐོར་བརྗོད་ནས་ལམ་སྟོན་ཁག་གཅིག་ཀྱང་བྱས་ཡོད་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།