རྒྱལ་ཁབ་༣༩ ཡིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག
དེ་སྔོན་དང་མི་འདྲ་བར་ཐེངས་འདིར་རྒྱལ་ཁབ་༣༩ ཡིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ། རྒྱ་ནག་དང་འབྲེལ་ནས་བོད་དང་ཡུ་གུར་ཁུལ། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་བྱས་ཡོད་འདུག
ཟླ་༡༠ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ། རྒྱལ་ཁབ་༣༩ ཡིས་རྒྱ་ནག་ལ་ཁ་གཏད་ཀྱིས་བོད་དང་ཡུ་གུར། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སེམས་འཚབ་ཡོད་པས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས་པ་དང་། དེ་བཞིན་དེ་སྔོན་ཟླ་༦ པའི་ནང་རྒྱལ་ཚོགས་ཀྱི་ཆེད་ལས་པ་༥༠ ཡིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་ལག་བསྟར་བྱེད་ཕྱོགས་སྐོར་ཛ་དྲག་གི་རྟོག་ཞིབ་བྱེད་པའི་འབོད་སྐུལ་ཞུས་ཡོད་པ་དེར་རྒྱབ་སྐྱོར་བྱས་ཡོད་པ་རེད་འདུག
ཕྱི་ལོ་༢༠༡༩ ལོར་དབྱིན་ཡུལ་གྱིས་ཟིན་བྲིས་བྱས་པའི་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ལ་མིང་རྟགས་བཀོད་མཁན་རྒྱལ་ཁབ་༢༣ ལས་མེད་ཀྱང་། ཐེངས་འདིར་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེར་མིང་རྟགས་བཀོད་མཁན་རྒྱལ་ཁབ་༣༩ བྱུང་ནས་རྒྱལ་ཁབ་༡༦ མང་དུ་ཕྱིན་འདུག་པ་དང་། དེ་ཡང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་རྒྱལ་སྤྱིའི་ནང་རྒྱ་ནག་ལ་ཁ་གཏད་གཅོག་མཁན་མང་དུ་འགྲོ་བཞིན་པའི་སྐབས་སུ། རྒྱ་ནག་གི་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཁབ་མང་པོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱས་འདུག
རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེའི་ནང་དུ་རྒྱ་ནག་གིས་ཡུ་གུར་ཁུལ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ཚུད་པའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་པ་འགྲོ་སྐྱོད་བྱེད་དུ་འཇུག་དགོས་སྐོར་བརྗོད་འདུག
བསྒྲགས་གཏམ་དེ་བཀླགས་ཚར་མ་ཐག པཱ་ཀི་སེ་ཐན་གྱི་སྐུ་ཚབ་ཀྱིས་རྒྱ་ནག་ཚུད་པའི་རྒྱལ་ཁབ་༥༥ ཡིས་མིང་རྟགས་འཁོད་པའི་བསྒྲགས་གཏམ་ཞིག་སྒྲོགས་སྦྱང་བྱས་འདུག་པ་དང་། དེའི་ནང་ཧོང་ཀོང་ནང་གི་གནས་སྟངས་བེད་སྤྱོད་བྱས་ནས། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པའི་བྱ་སྤྱོད་ཚང་མར་དགག་བྱ་ཆེན་པོ་བྱས་ཡོད་འདུག
དེ་བཞིན་ཚེས་༥ ཉིན་རྒྱ་ནག་གིས་རྒྱལ་ཁབ་༢༦ གི་འགོ་ཁྲིད་ནས་ཨ་རིས་དཔལ་འབྱོར་ཉེས་ཆད་རྣམས་མཚམས་འཇོག་བྱེད་དགོས་པ་དང་། ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱེད་བཞིན་པའི་སྐབས་སུ་ཨ་རིའི་བྱ་སྤྱོད་དེས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་སྐོར་བསྒྲགས་འདུག
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས། རྒྱ་ནག་གིས་རང་ཉིད་ལ་སྐྱོན་བརྗོད་བྱེད་མཁན་རྒྱལ་ཁབ་ཚོར་སྡིགས་སྐུལ་བསྟུད་མར་བྱེད་ཀྱི་ཡོད་ཀྱང་། རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ལ་མིང་རྟགས་བཀོད་པར་བསྔགས་བརྗོད་བྱས་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས་བརྗོད་པ་ལྟར་ན། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་ཚོར། རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ལ་མིང་རྟགས་མི་འགོད་པའི་ཆེད་དུ་གནོན་ཤུགས་འདྲ་མིན་སྤྲོད་ཀྱི་ཡོད་ཡོད་འདུག
དེ་བཞིན་ཐེངས་འདིར་སྐུ་ཚབ་ཁག་ཅིག་གིས་བརྗོད་དོན་ལ། རྒྱ་ནག་གིས་བསྒྲགས་གཏམ་དེར་མིང་རྟགས་བཀོད་ཚེ་དཔལ་འབྱོར་དང་ཆབ་སྲིད་ཀྱི་མཇུག་འབྲས་ཡོང་རྒྱུ་ཡིན་པའི་སྡིགས་སྐུལ་བྱས་འདུག རྒྱུན་ལྡན་ལྟར་ཐེངས་འདིར་ཡང་རྒྱ་ནག་ལ་བསྟོད་བསྔགས་ཀྱི་བསྒྲགས་གཏམ་ཐེངས་གཉིས་བཀླགས་ཡོད་འདུག་པ་དང་། དེ་དག་ལ་རྒྱབ་སྐྱོར་མིང་རྟགས་བཀོད་མཁན་རྒྱལ་ཁབ་མང་པོ་ཡོད་འདུག དེ་ཡང་པཱ་ཀི་སེ་ཐན་གྱིས་ཧོང་ཀོང་ནང་གི་གནས་སྟངས་ཐོག་རྒྱ་ནག་ལ་བསྟོད་བསྔགས་ཀྱི་བསྒྲགས་གཏམ་བཀླགས་འདུག་པ་དང་། ཁཱེའུ་བྷ་ཡིས་ཡུ་གུར་ཁུལ་གྱི་གནས་སྟངས་ཐོག་བསྟོད་བསྔགས་ཀྱི་བསྒྲགས་གཏམ་བཀླགས་འདུག
རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཁྲོད་དུ་ཨ་རི་དང་ཉི་ཧོང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བ་ཞིག ཁེ་ན་ཌ། ཧེ་ཀྲི ཧུན་ཌོ་ར་སེ ཨོ་སི་ཀྲོ་ལི་ཡ། ནིའུ་ཛི་ལན་ཌ་སོགས་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།