རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོ་རེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༢༢ གི་ཆེད་བརྗོད།)

འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་རང་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་ལས། གཞན་གྱི་ཆེད་རྒྱལ་ཁབ་ཀྱི་ཁེ་ཕན་བློས་གཏོང་མཁན་ཞིག་གཏན་ནས་མེད་ལ། གལ་སྲིད་དེ་ལྟར་བྱེད་མཁན་ཞིག་བྱུང་ན་རྒྱལ་ཁབ་དེ་ཉམས་རྒུད་འགྲོ་རྒྱུ་ཉག་གཅིག་ཡིན། ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ཐོག་ནས་བཤད་ན་རང་ལས་གཞན་གཅེས་པར་འཛིན་དགོས་པ་ལས། བདག་གཅེས་འཛིན་དེ་སྤང་བྱ་གཙོ་བོར་གྱུར་ཡོད་པས། མང་པོ་ཞིག་གིས་ཆོས་སྲིད་གཉིས་འགལ་བ་ལྟག་སྤྲོད་ཡིན་པར་ངོས་འཛིན་བྱེད་དགོས་དོན་ཡང་འདི་ལ་ཐུག་ཡོད། དོན་དངོས་སུ་རྒྱལ་ཁབ་ཀྱི་ཆབ་སྲིད་ནང་རང་གི་ཁེ་ཕན་གཙོ་བོར་འཛིན་དགོས་པ་དེ་རྒྱལ་ཁབ་སྤྱིའི་བདེ་སྡུག་ཆེད་ཡིན་པ་དང། ནང་པའི་གཞུང་ལུགས་ཐོག་ནས་གཞན་གཅེས་པར་འཛིན་དགོས་པ་དེ་གང་ཟག་སྒེར་གྱི་བློས་གཏོང་ཞིག་ཡིན་པ་ལས། གཞན་གྱི་ཆེད་རང་གི་རྒྱལ་ཁབ་དང་མི་མང་གི་བདེ་སྡུག་བློས་གཏོང་བྱེད་མཁན་ཞིག་མེད་ལ། གལ་སྲིད་ཡོད་ན་དེ་ནི་ཆོས་སྲིད་གཉིས་ཐད་ནས་ནོར་འཁྲུལ་འབའ་ཞིག་ཏུ་གྱུར་ཡོད།

བོད་དོན་ཆབ་སྲིད་ཀྱི་ཐོག་ནས་བཤད་ཀྱང་རང་གི་རྒྱལ་ཁབ་སླར་གསོ་དང། རང་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས་པ་ལས། རྒྱ་ནག་རྒྱལ་ཁབ་ཡག་པོ་ཡོང་ཐབས་གཙོ་བོར་འཛིན་ཐུབ་ན་དེའི་ཞོར་དུ་བོད་ཡག་པོ་ཆགས་ཐུབ་པ། གོམ་བགྲོད་སོགས་ཀྱི་སྐབས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་བསྐྱོར་ཏེ་ལུས་ངག་ཡིད་གསུམ་ནས་འཚེ་བ་མེད་པའི་ཉམས་ལེན་ལ་གོམས་ཐུབ་ན། བོད་ཀྱི་རྩ་དོན་ཐག་གཅོད་ཡོང་ཐུབ་པའི་རེ་བ་རྒྱག་དགོས་པའི་ལམ་སྟོན་འདི་དག་ནི། དོན་དུ་བོད་ཀྱི་གནད་དོན་ཐག་གཅོད་དུས་ནམ་ཡང་ཡོང་ཐབས་མེད་པའི་བརྡ་ལན་ཙམ་ཡིན་ན་མ་གཏོགས། ལུས་ངག་ཡིད་གསུམ་ནས་འཚེ་བ་སྤོང་དགོས་ཞེས་ཞལ་ནས་གསུང་མཁན་དག་ལ་མཚོན་ནའང། དོན་དུ་བོད་པ་ནང་ཁུལ་ལ་རང་ཕྱོགས་དང་གཞན་ཕྱོགས་ཀྱི་འཐེན་འཁྱེར་ཆེད་ཧུར་ཐག་གིས་ས་འོག་དར་ཐག་འཐེན་མཁན་འབའ་ཞིག་ཡིན་པས། ཁོང་རྣམ་པས་ཀྱང་ཁ་ནས་ཡང་ཡང་བཤད་པ་ཙམ་ལས་དོན་དངོས་ལག་ལེན་དུ་ཐེབས་པར་རེ་བ་རྒྱག་གི་ཡོད་པའི་བཟོ་ལྟ་གཏན་ནས་མཐོང་རྒྱུ་མེད།

ད་ལྟ་འཛམ་གླིང་གི་ཆབ་སྲིད་འཁྲུག་ཆ་ཧ་ཅང་ཆེ་བའི་སྐབས་འདིར། སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཕན་ཚུན་འགྲན་རྩོད་ཆེན་པོ་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཆུང་ཁག་མང་པོ་ཞིག་གིས་རྒྱལ་ཁབ་ཆེ་ཁག་གི་འགྲན་རྩོད་ནང་ནས་རང་ཉིད་ཀྱི་ཁེ་ཕན་ལེན་ཐབས་བྱ་རྒྱུ་གཙོ་བོར་འཛིན་བཞིན་ཡོད་པས། དུས་རྒྱུན་རྒྱལ་ཁབ་ཆེ་ཁག་ལ་སྤྲེལ་ལད་འཁྲབ་རྒྱུ་ཁོ་ནར་བྲེལ་ནས་ཡོད། ཉེ་ཆར་རྒྱ་གར་གྱི་ཁེ་གཉེར་ཁང་མང་པོ་ཞིག་ལ་ཨ་རིའི་གཞུང་གིས་ཉེས་ཆད་བཀལ་ཡོད་པས། རྒྱ་གར་གྱིས་སྟབས་གཟབ་པོ་བྱེད་མ་ཐུབ་པར་ཨ་རིས་སྣེ་ཁྲིད་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ལ་ཁ་གཏད་དུ་གྱུར་སོང་ན་རྩ་བས་ཕྱོགས་གཉིས་ཀར་གྱོང་གུད་ཡོད་ཀྱང། གཙོ་བོ་རྒྱ་གར་ལ་གྱོང་གུད་ཧ་ཅང་ཆེ་བ་ཆགས་རྒྱུ་ཉག་གཅིག་རེད། རྒྱ་གར་ལ་མཚོན་ན་མི་སྒེར་པ་འབྱོར་ལྡན་ཆེན་པོ་ཁ་ཤས་ཡོད་པ་ཙམ་ལས་མི་མང་སྤྱི་ཡོངས་ནས་ཉམ་ཐག་ཧ་ཅང་མང་བ་དང། ཁོར་ཡུག་དང། འཛུགས་སྐྲུན། འཕྲུལ་ཆས་སོགས་གང་ཐད་ནས་ཨ་རི་སོགས་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ད་དུང་གཏན་ནས་མེད།

བོད་པའི་རྩ་དོན་འཐབ་རྩོད་ཀྱང་རྒྱལ་ཁབ་གཞན་གྱི་ཁེ་ཕན་དང་འབྲེལ་ནས་བོད་པ་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་འཛིན་མ་ཐུབ་ན། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་རྣམས་སློང་རྒྱག་རྒྱུ་ལ་ཅུང་བྱང་བ་ཙམ་ལས། གཞན་རྩ་དོན་འཐབ་རྩོད་དང་འབྲེལ་བའི་གྲུབ་འབྲས་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད། གོང་དུ་བརྗོད་པ་བཞིན་བཙན་བྱོལ་བོད་མི་ནང་ཁུལ་དུ་དགྲ་དང་གཉེན་གྱི་འདུ་ཤེས་གསལ་པོ་འཛིན་དགོས་པ་དང། གནད་དོན་ཁག་ཅིག་ལ་བརྟེན་ནས་ཆོས་དང་འཇིག་རྟེན་གྱི་འབྲེལ་བ་གཅོད་དགོས་པའི་ལམ་སྟོན་གནང་བཞིན་དུ། རྒྱ་དམར་གཞུང་ལ་བཟོད་བསྲན་དང་སྙིང་རྗེ་བསྒོམ་དགོས་པའི་ལམ་སྟོན་གནང་བ་འདི་ལས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་གནོད་པ་ཆེ་བ་ཞིག་དགྲ་བོ་རྒྱ་དམར་གཞུང་གིས་ཀྱང་ད་བར་བྱེད་ཐུབ་མེད། ད་ལྟའི་ཆར་བཙན་བྱོལ་བོད་མི་ནང་ཁུལ་དུ་དགྲ་དང་གཉེན་གྱི་འཁོན་འཛིན་ཆེ་ནའང། དགྲ་བོ་རྒྱ་དམར་གཞུང་ལ་འཁོན་འཛིན་མི་བྱེད་པའི་དུས་ངན་འདི་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཏུ་གྱུར་ཡོད།

མདོར་ན་བོད་མི་ཚང་མའི་རྒྱུད་ལ་བྱམས་སྙིང་རྗེ་སོགས་ཆོས་ཀྱི་ཤུགས་རྐྱེན་ཡོད་ན་ཡག་ཀྱང། རྩ་དོན་འཐབ་རྩོད་དང། ཆབ་སྲིད་ཀྱི་ལམ་ལུགས་ནང་དད་པ་དམ་ཚིག་གཙོ་བོར་འཛིན་དགོས་པ་ལྟ་བུ། གང་ལྟར་ཆོས་དང་ཆབ་སྲིད་གཉིས་མཉམ་བསྲེས་བྱེད་མི་རུང་བར་ཆབ་སྲིད་ནང། བོད་རྒྱལ་ཁབ་སླར་གསོ་དང། བོད་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས་པ་ལས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དང། བློ་བཏང་སྙོམས་ཆེན་པོ་ལ་གནས་རྒྱུ་སོགས་མི་སྒེར་གྱི་ཉམས་ལེན་ཡིན་པ་ལས་ཆབ་སྲིད་དང་འབྲེལ་ནས་ལག་བསྟར་ཐུབ་པ་ཞིག་གཏན་ནས་མིན་པས། ཆབ་སྲིད་པས་ལས་དོན་བྱེད་སྐབས་དོན་དངོས་དང་བསྟུན་དགོས་པ་ལས། དད་པ་དང་དམ་ཚིག་གི་སྟ་རེ་གནམ་ལ་ཕྱར་ནས་རང་ཉིད་ཀྱི་ཁེ་ཕན་སྒྲུབ་པ་ནི་ཐ་ཤལ་གྱི་ལམ་ལུགས་ཤིག་ཏུ་གྱུར་ཡོད། ༧གོང་ས་མཆོག་གི་ཐུགས་རེ་ཡང་མི་ཚང་མས་རྩ་དོན་འཐབ་རྩོད་ལ་ནུས་པ་འདོན་ཐུབ་པ་ཞིག་དང། མི་ཚང་མས་རང་ཉིད་ཀྱི་བསམ་ཚུལ་ཐད་ཀར་འདོན་ཐུབ་པ་ཞིག་དགོས་པ་དེ་ཡིན།།