རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལ་ཐེ་གཏོགས་བྱེད་མཁན་རྒྱ་ནག་གི་དཔོན་པོ་ཞིག་ཕྱིར་འབུད་བཏང་འདུག
རྒྱ་ནག་གི་དཔོན་པོ་ཞིག་གིས་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་པ་ར་གེ་དང་ཐའེ་ཝན་བར་གཞུང་འབྲེལ་གཅོད་དགོས་པའི་སྐུལ་མ་བཏང་བར་བརྟེན། པ་ར་གེ་སྲིད་གཞུང་གིས་ཁོའི་མཐོང་མཆན་ཕྱིར་བསྡུ་བྱས་ནས་ཆུ་ཚོད་༢༤ ནང་ཕྱིར་རྒྱ་ནག་ཏུ་ལོག་དགོས་པའི་བཀའ་བཏང་ཡོད་འདུག
ཟླ་འདིའི་ཚེས་༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་རྒྱལ་སྤྱིའི་ཤེས་རིག་དང་ཚན་རིག རིག་གཞུང་ལྷན་ཚོགས་ཆེད་རྒྱ་ནག་གིི་སྐུ་ཚབ་ཚོགས་ཆུང་ཞིག་ལྷོ་ཨ་མེ་རི་ཁའི་ནང་གི་རྒྱལ་ཁབ་པ་ར་གེ་ལ་བསླེབས་ཤིང་། བདུན་འདིའི་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་དཔོན་པོ་ཞུ་ཝེ་(Xu Wei) ཟེར་བ་ཞིག་གིས་ལྷན་ཚོགས་ལ་མ་ཕྱིན་པར། པ་ར་གེའི་གྲོས་ཚོགས་སུ་བསྐྱོད་ནས་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཐུག་འཕྲད་བྱས་ནས་རྒྱ་ནག་དང་འབྲེལ་ལམ་བཙུགས་ན་འགྲོ་སོང་ཆུང་བ་དང་ཁེ་ཕན་ཆེ་བ། ཐའེ་ཝན་དང་འབྲེལ་ལམ་བཙུགས་པ་ལས་རྒྱ་ནག་དང་འབྲེལ་ལམ་འཛུགས་དགོས་པའི་སྐུལ་མ་བཏང་ཡོད་པར་བརྟེན། བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན། པ་ར་གེ་སྲིད་གཞུང་གིས་ཁོས་ཐའེ་ཝན་དང་པ་ར་གེ་བར་གྱི་ཕྱི་འབྲེལ་ལ་ཐེ་གཏོགས་བྱས་ཡོད་པ་མ་ཟད། པ་ར་གེ་ནང་བསླེབས་རྗེས་མཐོང་མཆན་གྱི་ཆ་རྐྱེན་དང་འགལ་ཡོད་པར་བརྗོད་ནས་ཁོའི་མཐོང་མཆན་ཕྱིར་བསྡུ་བྱས་ཏེ་ཆུ་ཚོད་༢༤ ནང་ཡུལ་དེ་ནས་ཐོན་དགོས་པའི་བཀའ་བཏང་ཡོད་འདུག
རེས་གཟའ་ལྷག་པའི་ཉིན་པ་ར་གེའི་ནང་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་ཁང་གིས་སྤྱི་ཚོགས་དྲྭ་རྒྱ་ཨེག་སིའི་སྟེང་། ཞུ་ཝེ་ནི་ཕྱི་ལོ་༡༩༥༧ ལོ་ནས་བཟུང་པ་ར་གེ་དང་ཐའེ་ཝན་དབར་གྱི་མཐུན་ལམ་དམ་ཟབ་ལ་གཏོར་བཤིག་གཏོང་ཐབས་བྱེད་མཁན་གྱི་སིམ་འཛུལ་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག
འཛམ་གླིང་ཁྱོན་ཡོངས་ལ་ཐའེ་ཝན་ནི་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་མཁན་རྒྱལ་ཁབ་༡༢ ཡོད་པའི་ཁྲོད་ནས། པ་ར་གེ་ནི་ལྷོ་ཨ་མེ་རི་ཁའི་ནང་གི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་ཐའེ་ཝན་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་རྒྱུ་མཚམས་འཇོག་བྱེད་ཆེད་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་ན་ཡང་། པ་ར་གེ་གཞུང་གིས་ཆོས་སེམས་བརྟན་པོས་ཐའེ་ཝན་ནི་རྒྱལ་ཁབ་གཅིག་ལ་ངོས་འཛིན་མུ་མཐུད་གནང་བཞིན་ཡོད་འདུག
འདས་པའི་ལོ་ཁ་ཤས་ནང་ལེ་ཊིན་ཨ་མེ་རི་ཁའི་ནང་རྒྱལ་ཁབ་བཞི་སྟེ། ཧོན་དྷུ་ར་སི(Honduras) པ་ན་མ་(Panama) ཌོ་མི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་(Dominican Republic) ཨེལ་སལ་ཝོ་ཌོར(El Salvador) བཅས་ཀྱིས་རྒྱ་ནག་གཅིག་གི་རྩ་དོན་(One china Principle) ཞེས་པ་ཁས་ལེན་བྱས་ནས་རྒྱ་ནག་དང་འབྲེལ་བ་བཙུགས་ཤིང་། ཐའེ་ཝན་དང་གཞུང་འབྲེལ་མཚམས་འཇོག་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།