རྒྱལ་ཁབ་བདུན་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པར་རྒྱ་ནག་གི་ངོ་རྒོལ།
འཛམ་གླིང་སྟེང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་བདུན་གྱི་མཐུན་ཚོགས་(Group of Seven) ཀྱིས་བསམ་པ་གཅིག་མཐུན་དང་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་ནག་ལ་“འགྲན་བསྡུར་”དང་“ཁ་གཏད་གཅོག་རྒྱུ་”ཡིན་སྐོར་བསྒྲགས་རྗེས། རྒྱ་ནག་གིས་རྒྱལ་ཁབ་“འགའ་ཤས་ཀྱི་ཚོགས་པས་”འཛམ་གླིང་གི་ལས་དབང་ཐག་གཅོད་བྱེད་པའི་དུས་ཚོད་དེ་ཡོལ་ཟིན་པ་རེད་ཅེས་བཤད་འདུག
བདུན་ཕྲག་གོང་མའི་རེས་གཟའ་པ་སངས་ཉིན་དབྱིན་ཡུལ་དུ་འགོ་ཚུགས་པའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཉིན་གསུམ་གྱི་གྲོས་མོལ་ཚོགས་ཆེན་ཐོག མང་གཙོའི་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་ཚོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གི་ཉེན་ཁ་ལ་གདོང་ལེན་དང་ཁ་གཏད་གཅོག་པའི་ཐབས་ཇུས་གྲོས་མོལ་བྱས་པར་བརྟེན། རྒྱལ་ས་ལོན་ཊོན་དུ་ཡོད་པའི་རྒྱ་ནག་གི་མགྲིན་ཚབ་པས་དེ་ལ་ངོ་རྒོལ་གྱི་སྐད་ཆ་བཤད་ཡོད་འདུག
ཆབ་སྲིད་འབྲེལ་ལམ་ཉམས་ཞིབ་པ་ཚོས། ད་ལྟའི་ཆར་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་དབང་ཤུགས་འཕེལ་རྒྱུས་སུ་ཕྱིན་ནས་ཨ་རི་དང་མང་གཙོའི་ཉེན་ཁ་ཆེ་ཤོས་སུ་འགྱུར་བཞིན་པའི་རྒྱ་ནག་ལ་དངོས་སུ་འགྲན་བསྡུར་དང་ཁ་གཏད་གཅོག་རྒྱུའི་དམིགས་ཡུལ་བཅངས་ཏེ། མང་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་སྐོར་བཤད་ཀྱི་འདུག
ཐེངས་འདིའི་ཚོགས་ཆེན་སྐབས། སྲིད་འཛིན་བྷ་ཌན་གྱིས་ཨ་རིས་སྣེ་ཁྲིད་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་འཆར་གལ་ཆེན་ཞིག་(B3W) བཏོན་འདུག་ཅིང་། དེ་ནི་ཆེད་དུ་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་གཞི་ཆེ་ཤོས་ཏེ། “བརྒྱུད་གཅིག་ལམ་གཅིག་”ལ་ཁ་གཏད་གཅོག་ཆེད་ཅིག་ཡིན་འདུག
རེས་གཟའ་སྤེན་པའི་ཉིན་སྤེལ་བའི་གསལ་བསྒྲགས་ནང་། མང་གཙོའི་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་བདུན་གྱིས་ཁོ་ཚོའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་འཆར་དེ་ནི་ཚོང་གྲོགས་ཕན་ཚུན་གྱི་“ཕན་ཐོགས་ལ་གཙོ་བོར་དམིགས་པ་དང་། སྤུས་ཚད་ལེགས་ཤིང་ཕྱི་གསལ་ནང་གསལ་”ཡིན་པ་འགྲེལ་བརྗོད་བྱས་འདུག
གནད་དོན་དེའི་ཐད་ལ། ལོན་ཊོན་དུ་ཡོད་པའི་རྒྱ་ནག་གིས་མགྲིན་ཚབ་པས་“གོ་ལའི་གནད་དོན་རྣམས་རྒྱལ་ཁབ་འགའ་ཤས་ཀྱི་ཚོགས་པས་ཐག་གཅོད་བྱེད་པའི་དུས་ཚོད་དེ་ཡོལ་ཟིན་པ་རེད། ང་ཚོས་རྟག་ཏུ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་ལ་མ་བལྟོས་པར་རྒྱལ་ཁབ་ཚང་མ་འདྲ་མཉམ་ཡིན་པ་དང་། འཛམ་གླིང་གནད་དོན་རྣམས་རྒྱལ་ཁབ་ཚང་མས་གྲོས་མོལ་བྱས་ཏེ་ཐག་གཅོད་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་བཤད་འདུག
སྔོན་ཆད་ནུབ་ཕྱོགས་དང་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་བསྟུན་ཐབས་ཀྱི་སྲིད་བྱུས་འཐེན་གྱི་ཡོད་རུང་། ད་ལྟ་ཁོང་ཚོས་རྒྱ་ནག་མང་གཙོ་དང་ད་ལྟའི་འཛམ་གླིང་གི་ལམ་ལུགས་(exisiting world order) ལ་ཉེན་ཁ་ཆེ་ཤོས་བཟོ་མཁན་ཞིག་ཏུ་འགྱུར་བཞིན་པ་མཐོང་གི་ཡོད་སྟབས། མཐའ་གཅིག་ཏུ་རྒྱ་ནག་ལ་གདོང་ལེན་དང་ཁ་གཏད་གཅོག་པའི་བསམ་བློ་དང་གྲ་སྒྲིག་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།