རྒྱལ་ཁབ་ཚོའི་ད་ལྟའི་དམག་དོན་འགྲོ་གྲོན་ལ་བརྟེན་ནས་འཛམ་གླིང་དམག་འཁྲུག་ཕྱོགས་སུ་འགྲོ་བཞིན་པའི་ཉེན་བརྡ་བཏང་།
འདས་པའི་ལོ་ངོ་བཅུའི་རིང་འཛམ་གླིང་ཡོངས་སུ་དམག་དོན་འགྲོ་གྲོན་རྒྱུན་ཆད་མེད་པར་འཕར་ཡོད་པ་མ་ཟད། ཕྱི་ལོ་༢༠༢༤ ལོར་འཛམ་གླིང་ཁྱོན་ཡོངས་ཀྱི་དམག་དོན་འགྲོ་གྲོན་ཁྲག་ཁྲིག་ཆེན་པོ་(Trillion) ༢་༧ ལྷག་ཟིན་ཞིང་། ཕྱི་ལོ་༢༠༢༣ ལོ་དང་བསྡུར་ན་དམག་དོན་འགྲོ་གྲོན་བརྒྱ་ཆ་༩་༤ འཕར་ཡོད་པ་མ་ཟད། གྲང་དམག་མཇུག་སྒྲིལ་བ་ནས་བཟུང་ལོ་གཅིག་ནང་འཕར་ཚད་མགྱོགས་ཤོས་དེ་ཆགས་ཡོད་འདུག ལྷག་པར་དུ་ཡུག་རེན་དང་གྷ་རྫ་་ཁུལ་གྱི་དམག་འཁྲུག་ལ་བརྟེན་ནས། ཡུ་རོབ་དང་དཀྱིལ་ཤར་ཡུལ་གྲུ་ཁག་གི་དམག་དོན་འགྲོ་གྲོན་ཚད་མཐོན་པོ་འཕར་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན། སི་ཊོག་ཧོམ་(Stockholm) རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཁང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་དམག་དོན་འགྲོ་གྲོན་གཏོང་ཕྱོགས་དང་འབྲེལ་བའི་སྙན་ཐོ་གསར་པ་ཞིག་བཏོན་འདུག སྙན་ཐོ་གསར་པའི་ནང་། འདས་པའི་ལོ་ངོ་བཅུའི་རིང་། འཛམ་གླིང་ཁྱོན་ཡོངས་སུ་དམག་དོན་འགྲོ་གྲོན་རྒྱུན་ཆད་མེད་པར་འཕར་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༤ ལོར་རྒྱལ་ཁབ་༡༠༠ ལྷག་གི་ནང་དམག་དོན་འགྲོ་གྲོན་འཕར་ནས། ལོ་གཅིག་གི་ནང་དུ་འཛམ་གླིང་ཁྱོན་ཡོངས་ཀྱི་དམག་དོན་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༢༧༡༨ ཟིན་ཞིང་། ན་ནིང་ལོ་དང་བསྡུར་ན་དམག་དོན་འགྲོ་གྲོན་གྱི་བརྒྱ་ཆ་༩།༤ འཕར་ཡོད་པ་མ་ཟད། གྲང་དམག་མཇུག་བསྒྲིལ་བ་ནས་བཟུང་། ལོ་གཅིག་ནང་འཕར་ཚད་མགྱོགས་ཤོས་ཀྱི་ལོ་དེ་ཆགས་ཡོད་འདུག
འཛམ་གླིང་ནང་དམག་དོན་ཐོག་འགྲོ་སོང་མང་ཤོས་གཏོང་མཁན་དེ་ཨ་རི་ཆགས་ཀྱི་ཡོད་པ་དང་། ན་ནིང་ལོ་ཨ་རིས་དམག་དོན་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༩༩༧ བཏང་ཞིང་། འཛམ་གླིང་ཁྱོན་ཡོངས་ཀྱི་དམག་དོན་འགྲོ་གྲོན་གྱི་བརྒྱ་ཆ་༣༧% ཟིན་ཡོད་འདུག
དམག་དོན་འགྲོ་གྲོན་མང་ཤོས་གཉིས་པ་གཏོང་མཁན་ནི་རྒྱ་ནག་ཡིན་ཞིང་། ཕྱི་ལོ་༢༠༢༤ ལོར་དམག་དོན་འགྲོ་གྲོན་གྱི་བརྒྱ་ཆ་༧% འཕར་ནས་ལོ་གཅིག་ནང་ཨ་སྒོར་ཐེར་འབུམ་༣༡༤ བཏང་ཡོད་འདུག རྒྱ་གཞུང་གིས་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བ་དང་རྡུལ་ཕྲན་མཚོན་ཆའི་གོ་མཛོད་སོགས་རྒྱ་སྐྱེད་གཏོང་བར་མ་རྩ་འཛུགས་བཞིན་ཡོད་འདུག རྒྱ་གཞུང་གི་ལོ་གཅིག་གི་དམག་དོན་འགྲོ་གྲོན་དེས་ཨེ་ཤེ་ཡ་དང་ཨོ་ཤི་ཡན་(Oceania) ཁུལ་གྱི་དམག་དོན་འགྲོ་གྲོན་ཡོངས་ཀྱི་བརྒྱ་ཆ་༥༠% ཟིན་པ་མ་ཟད། འདས་པའི་ལོ་ངོ་སུམ་ཅུའི་རིང་། དམག་དོན་འགྲོ་གྲོན་མུ་མཐུད་འཕར་ཡོད་འདུག
ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་གི་ལོ་ངོ་གསུམ་པ་དེ་འགྲོ་བཞིན་ཡོད་པ་དང་བསྟུན། ཨུ་རུ་སུས་ཕྱི་ལོ་༢༠༢༤ ལོར་དམག་དོན་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༡༤༩ བཏང་ནས་ཕྱི་ལོ་༢༠༢༣་ལོ་དང་བསྡུར་ནས་བརྒྱ་ཆ་༣༨% འཕར་ཡོད་འདུག ཨུ་རུ་སུའི་གཞུང་གི་འགྲོ་སོང་ཡོངས་ཀྱི་བརྒྱ་ཆ་༡༩% དང་། འཛམ་གླིང་ནང་དམག་དོན་འགྲོ་སོང་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་གསུམ་པ་དེ་གྱུར་ཡོད་འདུག ཡུག་རེན་གྱི་དམག་དོན་འགྲོ་སོང་བརྒྱ་ཆ་༢།༩% འཕར་ནས་ཨ་སྒོར་ཐེར་འབུམ་༦༤་༧ ཟིན་ཞིང་། རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས(GTP)་ཀྱི་བརྒྱ་ཆ་༣༤% ཆགས་ཡོད་འདུག་ལ་ཡུག་རེན་ནི་འཛམ་གླིང་ནང་གོ་མཚོན་ནང་འདྲེན་མང་ཤོས་དང་། དམག་འཁྲུག་གི་ཁུར་བོ་ཆེ་ཤོས་ཡོད་མཁན་གྱི་རྒྱལ་ཁབ་གཅིག་ཏུ་གྱུར་ཡོད་འདུག

ཡུག་རེན་ནང་གི་དམག་འཁྲུག་དང་ལྷག་པར་དུ་ཨ་རིའི་སྲིད་འཛིན་ཊོམ་གྱིས་ནེ་ཊོ་(NATO) ནས་ཕྱིར་ཐོན་རྒྱུའི་འཇིགས་སྐུལ་བྱས་ཡོད་པར་བརྟེན། ན་ནིང་ལོར་འཇར་མན་གྱི་དམག་དོན་འགྲོ་སོང་ཨ་སྒོར་ཐེར་འབུམ་༨༨་༥ བཏང་ཞིང་། ཕྱི་ལོ་༢༠༢༣ ལོ་དང་བསྡུར་ན་འགྲོ་སོང་གི་བརྒྱ་ཆ་༢༨% འཕར་བ་དང་། ད་ལྟའི་ཆར་འཇར་མན་ནི་ཡུ་རོབ་ནང་དམག་དོན་འགྲོ་སོང་མང་ཤོས་གཏོང་མཁན་དང་འཛམ་གླིང་ཡོངས་ནས་འགྲོ་སོང་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཨང་བཞི་པ་དེ་གྱུར་ཡོད་འདུག
རྒྱ་ནག་དང་གཏན་ལྷིང་མེད་པའི་པ་ཀི་སི་ཐན་གཉིས་ཀྱི་བར་ལ་གནས་པའི་རྒྱ་གར་གྱིས་ཕྱི་ལོ་༢༠༢༤ ལོར། དམག་དོན་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༨༦།༡ བཏང་ནས་འཛམ་གླིང་ནང་དམག་དོན་འགྲོ་སོང་མང་ཤོས་གཏོང་མཁན་གྱི་རྒྱལ་ཁབ་ཨང་ལྔ་པ་དེ་གྱུར་ཡོད་འདུག དམག་དོན་འགྲོ་གྲོན་ཆེ་ཤོས་གཏོང་མཁན་གྱི་གོང་གསལ་རྒྱལ་ཁབ་ལྔ་ཡི་ལོ་གཅིག་རིང་གི་དམག་དོན་འགྲོ་གྲོན་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་དམག་དོན་འགྲོ་གྲོན་གྱི་བརྒྱ་ཆ་༦༠% ཟིན་ཡོད་འདུག
རྒྱ་གར་གྱི་(First post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་དམག་དོན་འགྲོ་གྲོན་དེ་པ་ཀི་སི་ཐན་གྱི་འགྲོ་གྲོན་ལས་ལྡབ་དགུ་ཟིན་གྱི་ཡོད་པ་དང་། ཉེ་ཆར་རྒྱ་གར་གྱིས་ཧྥ་རན་སི་དང་དམག་དོན་གྱི་གྲོས་མཐུན་གཞིར་བཞག་སྟེ། རྒྱ་གར་གྱིས་ཨ་སྒོར་ཐེར་འབུམ་༧།༤ སྤྲད་ནས་ཧྥ་རན་སི་ནས༼Rafale༽ ཞེས་པའི་དམག་འཐབ་གནམ་གྲུ་༢༦ ཉོས་ཡོད་འདུག གྲོས་མཐུན་དེ་གཅིག་པུའི་འགྲོ་སོང་དེ་པ་ཀི་སི་ཐན་གྱི་ལོ་རེའི་དམག་དོན་འགྲོ་གྲོན་གྱི་བརྒྱ་ཆ་༧༠% ཟིན་ཡོད་པ་དང་། པ་ཀི་སི་ཐན་དང་རྒྱ་གར་གཉིས་བསྡུར་ཐབས་མེད་པར་བརྗོད་འདུག
དེ་བཞིན། ཉེ་ཆར་བཏོན་པའི་སྙན་ཐོས་འཛམ་གླིང་འདི་དེ་སྔར་དང་མི་འདྲ་བར། ཟང་ཟིང་དང་དམག་འཁྲུག་གི་ཕྱོགས་སུ་འགྲོ་བཞིན་པའི་ཉེན་བརྡ་བཏང་ཡོད་པ་དང་། རྡུལ་ཕྲན་མཚོན་ཆ་འཕེལ་རྒྱས་འགྲོ་བཞིན་པ་དང་། གོ་མཚོན་ཚོད་འཛིན་གྱི་དུས་ཚོད་ཡལ་ཟིན་པས། རྒྱལ་ཁབ་ཚང་མས་རིན་གོང་མཐོ་བོ་དང་དམའ་བོ་སོགས་ཀྱི་མཚོན་ཆ་གང་ཡིན་ཡང་གལ་ཆེན་དུ་བརྩིས་ནས་དགོས་འདོད་བྱེད་ཀྱི་ཡོད་པར་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།