རྒྱལ་ཁབ་འགས་རྒྱ་ནག་ནས་ཐོན་པའི་སྨན་བཅོས་ཡོ་བྱད་རྣམས་བཀག་འདུག
ཡུ་རོབ་དང་ཡུ་རོབ་ཀྱི་ཉེ་འཁོར་དུ་ཆགས་པའི་རྒྱལ་ཁབ་འགས་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་ཀྱི་སྨན་བཅོས་ཡོ་བྱད་རྣམས་སྤུས་ཚད་མི་འདང་ཚུལ་བརྗོད་དེ་བཀག་འདུག
ཕྱི་ཟླ་ ༣ ཚེས་ ༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཡུ་རོབ་ཀྱི་རྒྱལ་ཁབ་སི་པཱན་(spain)དང་། ནེ་དྷར་ལན་ཏྲི།(Netherlands) དེ་བཞིན་ཨེ་ཤི་ཡ་ནུབ་མའི་རྒྱལ་ཁབ་ཐྲར་ཁེ་(Turkey)བཅས་ཀྱིས་རྒྱ་ནག་ནས་ཐོན་པའི་ཁ་རས་དང་། བརྟག་དཔྱད་ཡོ་བྱད་སྟོང་ཕྲག་མང་པོ་ཞིག་ལ་དགོས་ངེས་ཀྱི་སྤུས་ཚད་མི་འདང་ཚུལ་བཤད་དེ་བཀག་སྡོམ་བྱས་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་ཡམས་ད་ཆ་འཛམ་གླིང་ཡོངས་ལ་ཁྱབ་སྟེ། ཨ་རི་དང་ཨེ་ཏྲ་ལིས་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་སྐབས་འདིར། ནད་ཡམས་དེ་ཐོག་མར་སྤས་གསང་བྱས་ནས་འཛམ་གླིང་ལ་ཁྱབ་ཏུ་འཇུག་མཁན་རྒྱ་ནག་གིས་འཇིགས་སུ་རུང་བའི་ནད་ཡམས་དེའི་དཀའ་ཉེན་ནང་ལྷུང་བའི་རྒྱལ་ཁབ་དག་ལ་སྨན་བཅོས་ཡོ་བྱད་འབོར་ཆེན་འཚོང་བ་དང་། ཞལ་འདེབས་རྒྱག་པ་སོགས་བྱེད་བཞིན་ཡོད།
ཡིན་ན་ཡང་། རྒྱལ་ཁབ་མི་ཉུང་བ་ཞིག་གིས་རྒྱ་ནག་གི་སྨན་བཅོས་ཡོ་བྱད་དེ་དག་ལ་དགོས་ངེས་ཀྱི་སྤུས་ཚད་མི་འདང་ཚུལ་བཤད་དེ་བཀག་འདུག་སྟེ། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ནེ་དྷར་ལན་ཏྲི་ཡི་འཕྲོད་བསྟེན་ལས་ཁུངས་ནས་ཁ་རས་ ༦༠༠,༠༠༠ ཕྱིར་བསྡུ་བྱས་པའི་གནས་ཚུལ་སྤེལ་འདུག་ཅིང་། ཁ་རས་དེ་དག་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་རྒྱ་ནག་གི་བཟོ་གྲྭ་ཞིག་ནས་རྒྱལ་ཁབ་དེར་ཐོན་རྗེས། ནད་ཡམས་ལ་འཐབ་འཛིང་བྱེད་མཁན་གྱི་སྨན་པ་དང་སྨན་ཞབས་ཚོར་བགོ་འགྲེམས་བྱས་ཟིན་འདུག
རྒྱལ་ཁབ་དེའི་འབྲེལ་ཡོད་འགོ་ཁྲིད་ཚོས་ཁ་རས་དེ་དག་ལ་སྤུས་ཚད་ཚད་ལྡན་གྱི་དཔང་ཡིག་ཡོད་ཀྱང་སྐྱོན་ཆ་ཡོད་སྟབས། བགོ་མ་བྱས་པའི་ལྷག་མ་རྣམས་བཀག་སྟེ་“བེད་སྤྱོད་བྱ་རྒྱུ་མིན་པའི་ཐག་གཅོད་བྱུང་”ཞེས་བརྗོད་ཡོད་འདུག
དེ་བཞིན་སི་པཱན་ལ་ཡང་འདྲ་མཚུངས་ཀྱི་དཀའ་ངལ་ཕྲད་ཡོད་འདུག་སྟེ། སི་པཱན་གཞུང་ནས་རྒྱ་ནག་གི་བཟོ་གྲྭ་ཞིག་ནས་ཏོག་དབྱིབས་ནད་འབུ་ལྟ་བྱེད་ཀྱི་ཡོ་བྱད་འབུམ་ཕྲག་མང་པོ་ཉོས་ན་ཡང་། རྗེས་སུ་ཡོ་བྱད་༦༠,༠༠༠ཙམ་གྱིས་ནད་པ་ཞིག་ལ་ཏོག་དབྱིབས་ནད་འབུ་ཡོད་མེད་མ་ནོར་བར་བརྟག་ཐུབ་ཀྱི་མེད་ཚུལ་བཤད་ཡོད་འདུག
དེ་མིན་ད་དུང་གཞན་ཐྲར་ཁེ་ཡིས་ཀྱང་རྒྱ་ནག་གི་བཟོ་ཚོང་ཁང་ནས་མངགས་ཉོ་བྱས་པ་བརྟག་ཆས་མི་ཉུང་བ་ཞིག་སྤུས་ཚད་འདང་ངེས་མེད་པར་བརྟེན། བེད་སྤྱོད་གཏོང་ཐབས་བྲལ་ཚུལ་བརྗོད་འདུག
རྒྱ་ནག་གི་སྨན་བཅོས་ཡོ་བྱེད་རྣམས་ལ་སྤུས་ཚད་མི་འདང་བའི་སྐྱོན་ཆ་ཡོད་ཚུལ་བཤད་དེ་བཀག་འགོག་བྱས་པའི་གནས་ཚུལ་དེ། རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་གཅིག་མིན་གྱིས་རྒྱ་ནག་གིས་ད་ཐེངས་ཀྱི་ནད་ཡམས་འདི་བེད་སྤྱད་དེ་སོ་སོའི་དབང་ཤུགས་རྒྱ་སྐྱེད་བྱ་སྲིད་ཚུལ་བརྗོད་རྗེས་བྱུང་བ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།