རྒྱལ་ཁབ་ ༡༢༠ ལྷག་གིས་ནད་ཡམས་ཐོག་རང་དབང་ལྡན་པའི་ཞིབ་འཇུག་དགོས་པའི་གྲོས་འཆར་ལ་རྒྱབ་སྐྱོར་བྱས།
ཨོ་སི་ཁྲུ་ལི་ཡས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ལ་རང་དབང་ལྡན་པའི་རྩད་གཅོད་ཞིབ་འཇུག་དགོས་པའི་གྲོས་འཆར་བཏོན་པ་ལ། འཛམ་གླིང་གི་རྒྱལ་ཁབ་ ༡༢༠ ལྷག་གིས་མོས་མཐུན་དང་རྒྱབ་སྐྱོར་བྱས་ཡོད་འདུག
ཨོ་སི་ཁྲུ་ལི་ཡ་ནི། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་བྱུང་རིམ་ཐོག་ལ་རང་དབང་ལྡན་པའི་རྩད་གཅོད་འཇུག་དགོས་པའི་གྲོས་འཆར་འདོན་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་འདུག་པ་དང་། དེར་མོས་མཐུན་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཇེ་མང་ནས་ཇེ་མང་དུ་ཕྱིན་ནས་ད་ལྟའི་ཆར་རྒྱལ་ཁབ་ ༡༢༠ ལྷག་ཅིག་བྱུང་ཡོད་འདུག
ཨོ་སི་ཁྲུ་ལིས་བཏོན་པའི་གྲོས་འཆར་དེའི་ནང་། རྒྱལ་སྤྱིའི་ཐོག་ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་ཕྱོགས་ལྷུང་བྲལ་ཞིང་རང་དབང་ལྡན་པའི་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་དགོས་ཚུལ་བཤད་པ་དང་། རྒྱ་ནག་ཅེས་མིང་འདོན་བྱས་མེད་ན་ཡང་། རྒྱ་ནག་གནོང་གིས་ཁོང་ཁྲོ་ལངས་ཏེ་ཨོ་སི་ཁྲུ་ལི་ཡའི་ནས་འབྲུ་ལ་སྒོ་ཁྲལ་ཆེན་པོ་འཇལ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་ཐོག གླང་ཤ་ནང་འདྲེན་བྱེད་ཚད་ཀྱང་ཉུང་དུ་བཏང་ཡོད་འདུག
ཨོ་སི་ཁྲུ་ལི་ཡའི་ཞིང་ལས་ཐོན་སྐྱེད་བློན་ཆེན་ཌ་ཝ་ཌི-ལི་ཏྲིལ་ཕོར་ཏྲི་(David Littleproud)ཡིས་རྩད་དཔྱོད་ཞིབ་འཇུག་བྱེད་པའི་རྒྱུ་མཚན་ནི། འཛམ་གླིང་གིས་འཇིགས་སུ་རུང་བའི་ནད་ཡམས་འདི་ལས་སློབ་བསྐྱེད་ལེན་ཆེད་ཡིན་ཚུལ་གསུངས་པའི་ཐོག “འཛམ་གླིང་གི་མི་འབུམ་གསུམ་གྱི་ཚེ་སྲོག་ཤོར་ཡོད་པས། དེ་ནི་སྒྲུབ་དགོས་པའི་ལས་འགན་ཞིག་ཆགས་ཡོད་”ཅེས་བསྣན་ཡོད་འདུག
གཞན་ཡང་། ཁོང་གིས་རྒྱ་ནག་གིས་ཕྱོགས་ནས་འབྱུང་འགྱར་ནང་ཚོང་གི་གནད་དོན་སྐོར་གླེང་མོལ་བྱེད་རྒྱུ་མེད་པའི་རྣམ་འགྱུར་བསྟན་བྱུང་ཚུལ་བརྗོད་འདུག་པ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཚོང་ལས་བློན་ཆེན་གྱིས་ཀྱང་རྒྱ་ནག་གི་འབྲེལ་ཡོད་མི་སྣ་ཚོས་ཁོང་ལ་ཁ་ཡ་བྱེད་ཀྱི་མེད་སྐོར་བཤད་ཡོད་འདུག་པས། རྒྱལ་ཁབ་གཉིས་ཀྱི་སྔར་འབྱུང་མྱོང་མེད་པའི་འགལ་ཟླ་དེ་ཇེ་ཆེར་འགྱུར་བཞིན་ཡོད་འདུག
ཨོ་སི་ཁྲུ་ལི་ཡའི་སྲིད་བློན་སི་ཀོ་ཏྲི-མོ་རེ་སོན་(Scott Morrison)གྱིས་ནད་ཡམས་ཀྱི་འབྱུང་ཁུངས་ལ་རྩད་གཅོད་ཞིབ་འཇུག་དགོས་པའི་གྲོས་འཆར་དེ་ཧ་ལས་དགོས་པའི་གནད་དོན་ཞིག་གཏན་ནས་མིན་ཚུལ་གྱི་འགྲེལ་བརྗོད་གནང་འདུག་ཀྱང་། རྒྱ་ནག་གིས་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་ཚོས་ནད་ཡམས་དེ་ཆབ་སྲིད་ཀྱི་ངོ་བོར་སྒྱུར་བཞིན་ཡོད་ཚུལ་བཤད་དེ་སྐྱོན་བྱས་འདུག
ཕྱི་ཟླ་ ༥ ཚེས་ ༡༨ ཉིན་གྱི་དགོང་མོར་འཚོགས་གཏན་ཁེལ་བའི་འཛམ་གླིང་འཕྲོད་བསྟེན་ཚོགས་འདུ་གལ་ཆེན་ཐོག རྒྱ་ཁབ་རྣམས་ཀྱིས་ནད་ཡམས་ཀྱི་འབྱུང་ཁུངས་ལ་རང་དབང་ལྡན་པའི་ཞིབ་འཇུག་དགོས་མིན་གྱི་འོས་འཕེན་རྒྱུ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།