རྒྱལ་གཅེས་དཔའ་བོའི་ཆེད་མཆོད་འབུལ་སྨོན་ལམ།
ཟླ་འདིའི་ཚེས་༦ ཉིན་ཕྱི་དྲོ་ཆུ་ཚོད་༦ པའི་ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག རྡོ་རྗེ་གདན་མཆོད་རྟེན་ནང་དུ་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ཀྱི་ཆེད་སྟོང་མཆོད་ཀྱི་སྨོན་ལམ་གསུངས་ཡོད་པ་རེད།
དེ་ཡང་རྡོ་རྗེ་གདན་དུ་ཕྱི་ནང་དད་ལྡན་མི་མང་ཁྲི་ཚོ་མང་པོ་འདུ་འཛོམས་ཁྲོད་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྣེ་ཁྲིད་འོག ༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་གཞུང་གི་བཙན་གནོན་འོག་ལུས་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་སྟོང་མཆོད་ཀྱི་སྨོན་ལམ་དང་། བྱང་ཆུབ་སེམས་མཆོག་རིན་པོ་ཆེ་འདོན་ཞོར་རྡོ་རྗེ་གདན་མཆོད་རྟེན་ཆེན་མོར་སྐོར་བ་བརྒྱབ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོ་རྗེ་གདན་ནས།