རྒྱལ་གཅེས་ལ་སྔ་ཕྱི་མེད་ཟེར།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༦༢ ཕྱི་ལོ་ ༢༠༡༥/༩/༣༠
ད་ལྟ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བའི་སྐབས་འདིར་གནད་དོན་གང་ཡིན་ཡང་དེ་ལ་དོ་སྣང་དང་བསམ་གཞིག་དགོས་པ་ཧ་ཅང་གལ་ཆེ་ལ། གནད་དོན་འདི་འདྲའི་ཐོག་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་ཐུགས་སྣང་དང་གསེད་བཀྲོལ་ཡག་པོ་ཞིག་བྱེད་མ་ཐུབ་ན་རྒྱ་ཆེའི་མི་མང་མགོ་བོ་རྨོངས་གཞི་རུ་གྱུར་ཡོད་པ་རེད། དཔེར་ན་བཙན་བྱོལ་ནང་དུ་གནས་སྡོད་བྱེད་མཁན་གྱི་གནད་ཡོད་མི་སྣ་མང་པོ་ཞིག་བོད་ལ་གཉེན་འཕྲད་དུ་འགྲོ་བཞིན་པ་དང། ཁག་ཅིག་གཏན་དུ་ལོག་མཁན་ཡང་ཡོད་པ་རེད། དེ་བཞིན་ལྡི་ལི་དང། བལ་ཡུལ་དུ་ཡོད་པའི་རྒྱ་དམར་གཞུང་ཚབ་ཁང་གི་སྒོ་རུ་དགེ་འདུན་པས་གཙོས་བཙན་བྱོལ་བོད་མི་མང་པོ་ཞིག་གིས་རུ་བསྒྲིགས་ནས་སྒུག་སྡོད་བྱས་ཡོད་པའི་གནས་ཚུལ་དག་ཐོས་ཚེ། ཆབ་སྲིད་ཀྱི་གནད་དོན་ཐོག་ནས་འདི་དག་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་པ་གལ་ཆེན་པོར་གྱུར་ཡོད། གནད་དོན་འདི་དངོས་གནས་དབུ་མའི་ལམ་གྱི་གྲུབ་འབྲས་ཤིག་རེད་དམ། ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ཕམ་ཁ་ཞིག་ཡིན་ཞིབ་འཇུག་བྱེད་ཡུལ་ཉག་གཅིག་ཏུ་གྱུར་ཡོད།
ཉེ་ཆར་རྒྱ་གར་ནས་བོད་དུ་བསྐྱོད་མཁན་བླ་ཆེན་ཞིག་དང་འབྲེལ་ནས་རྒྱ་དམར་གཞུང་གིས་གནས་ཚུལ་ཁག་ཅིག་ཚ་ཚ་འུར་འུར་གྱིས་སྤེལ་སོང་བ་དང། “ཕྱི་ལོ་༡༩༧༨ ལོར་རྒྱ་ནག་དབུས་གཞུང་གིས་“རྒྱལ་གཅེས་ཁྱིམ་ཚང་གཅིག་དང་། རྒྱལ་གཅེས་པ་ལ་སྔ་ཕྱི་མེད་”ཅེས་པའི་སྲིད་ཇུས་བཏོན་པ་ནས་བཟུང་། ཕྱི་སྡོད་བོད་རིགས་སྤུན་ཟླ་རྒྱལ་ནང་དུ་འཚམས་འདྲི་དང་གཉེན་འཕྲད་ལ་ཡོང་བར་དགའ་བསུ་ཞུས་ཡོད་ཅིང་། ཕྱི་ལོ་༡༩༨༩ ལོ་ནས་བཟུང་ཏཱ་ལའི་བླ་མ་ཕུད་པའི་ཁོང་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་ཡུལ་གྱར་སྲིད་གཞུང་གི་ལྷན་ཁང་ཁག་གི་བཀའ་བློན་ཧ་ལམ་ཆ་ཚང་རྒྱལ་ནང་དུ་ཕྱིར་ཕེབས་མྱོང་ཡོད་པ་མ་ཟད། ཁ་ཤས་ཤིག་ཐེངས་མང་ཕེབས་མྱོང་པའི་ཁྲོད་ཀྱི་འགའ་ཤས་ལ་ཏིན་ཞའོ་ཕིང་དང། ཧུ་ཡའོ་པང། ཞི་ཀྲུང་ཞུན། ཝུ་ལན་ཧྥུ། ཡང་ཅིན་རེན་སོགས་དབུས་གཞུང་གི་འགོ་ཁྲིད་རྣམས་ཀྱིས་མཇལ་འཕྲད་བྱས་མྱོང་།”ཞེས་སྤེལ་ཡོད་པ་རེད། གནད་དོན་འདི་དག་ལ་ཧོབ་སྟེ་བལྟས་ན་གལ་ཆེན་པོ་ཞིག་ཏུ་མཐོང་སྲིད་ཀྱང་ཞིབ་ཏུ་བསམ་ན་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག
མ་འོངས་པར་བོད་རྒྱ་གཉིས་མཉམ་གནས་བྱ་རྒྱུ་ལས་ཁ་བྲལ་དུ་མི་འགྲོ་བ་དང། རྒྱ་དམར་གཞུང་གི་འགོ་ཁྲིད་འོག་དམར་ཕྱོགས་ཀྱི་ལམ་ལུགས་འོག་སྡོད་རྒྱུ་ལས་མང་གཙོའི་ལམ་ལུགས་མི་དགོས་པ་གསལ་སྟོན་བྱས་ཟིན་ཅིང། དེང་སྐབས་བཙན་བྱོལ་ནང་གནད་ཡོད་རེ་ཟུང་གིས་དོལ་རྒྱལ་ཁ་འཁྱེར་བ་རྣམས་དང། རྒྱལ་དམར་དྲག་གཞུང་ལས་ཀྱང། རང་བཙན་གླེང་མཁན་དེ་དག་ཉེན་ཁ་ཆེ་ཚུལ་ཡོངས་གྲགས་གནང་ཟིན་པའི་རྗེས་སུ་བཙན་བྱོལ་ནང་བོད་ཀྱི་རྩ་དོན་རྩོད་ཕྱོགས་ཐད་ནས་རྩོད་རྙོག་མང་པོ་ཞིག་སྒོ་ཕྱེ་ཡོད་ལ། དེ་ལ་བརྟེན་ནས་མི་མང་གི་བསམ་བློའི་ནང་དུའང་ཉོབ་སྣང་སྐྱེ་མཁན་ཡང་མང་པོ་ཡོད། རྩོད་རྙོག་འདི་དག་མུ་མཐུད་དུ་སོང་ན་གཅིག་སྒྲིལ་ལ་གནོད་སྐྱོན་འབའ་ཞིག་ཏུ་འགྱུར་ངེས་ཤིང། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་གཡར་ནས་རྒྱ་གཞུང་གི་ས་ནས་ཁེ་ཕན་ལེན་མཁན་དང། རིམ་པས་སྒེར་གྱི་ཁེ་ཕན་ཆེད་བོད་དུ་ལོག་མཁན་ཡང་མང་པོ་ཡོང་མི་སྲིད་པ་མ་རེད། དེ་ལ་བརྟེན་ནས་ཤུགས་རྐྱེན་གང་དང་གང་འབྱུང་སྲིད་མིན་དེ་གནད་དོན་ངོ་མ་རེད།
བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གནད་འགག་ངོ་མ་དེ་ཆོས་དང་རིག་གནས་རྒྱུད་འཛིན་དང། དཔལ་འབྱོར་གྱི་གནད་དོན་ཁོ་ན་ཙམ་ཡིན་ན་རྒྱལ་གཅེས་པ་ལ་སྔ་ཕྱི་མེད་ཟེར་བའི་འོག་ཏུ་བོད་ལ་ལོག་རྒྱུའི་བསམ་བློ་འཁོར་མཁན་མང་པོ་ཡོད་སྲིད་ལ། མི་སྒེར་སོ་སོས་ཀྱང་རྩ་བའི་ཆ་ནས་འགྲིག་དང་མི་འགྲིག་གི་བསམ་བློ་ཞིག་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་སྙམ། ཆོས་དང་རིག་གནས་རྒྱུད་འཛིན་ཐུབ་མིན་ཁོ་ནའི་ཐོག་ནས་བཤད་ཀྱང། ཆབ་སྲིད་ཀྱི་རང་དབང་ཤོར་བའི་རྗེས་སུ་བོད་པའི་ཆོས་དང་རིག་གནས་ཉམས་གུད་དུ་སོང་བ་ལས། བོད་ལ་ཆབ་སྲིད་ཀྱི་ཐོག་ནས་རང་དབང་རང་བཙན་དེ་མུ་མཐུད་དུ་གནས་ཡོད་ན་ཆོས་དང་རིག་གནས་ལ་ཉམས་ཆག་དེ་འདྲ་ཞིག་ཡོང་མི་སྲིད་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཆོས་དང་རིག་གནས་རྒྱུད་འཛིན་ཁོ་ནའི་ཐོག་ནས་ཀྱང་རང་དབང་མེད་ན། མི་རིགས་གཞན་གྱི་ངོ་འཚོས་ནས་སྡོད་རྒྱུ་ཁོ་ན་ལས་མེད་པས་ཆོས་དང་རིག་གནས་རྒྱུན་འཛིན་ཞེས་པ་དེ་ཡང་ཐུབ་ངེས་ཡིན་པ་སུ་གཅིག་གིས་ཁ་ཚོན་བཅད་ནས་བཤད་མི་ཐུབ།
མདོར་བསྡུས་ན་ཉིན་ལྟར་ལྡི་ལི་དང་བལ་ཡུལ་དུ་ཡོད་པའི་རྒྱ་དམར་གྱི་གཞུང་ཚབ་ཁང་དུ་ཐོ་འགོད་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་ཙམ་དུ་མ་ཟད། སུད་སི་དང། ཨོ་སི་ཁྲུ་ལི་ཡ་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུའང་དེ་ལྟར་བསྐྱོད་ཐབས་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པས། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་ཚུལ་བརྗོད་མཁན་གྱི་ང་ཚོ་ལ་མཚོན་ན་ཉིན་གཅིག་གནད་དོན་དེ་ནི་རྒྱ་དམར་གཞུང་གིས་བེད་སྤྱོད་ལོག་པར་བཏང་ཡོང་བའི་སྐབས་སུ་ཆབ་སྲིད་ཀྱི་མ་རྩ་གང་ཡང་མེད་པར་འགྱུར་སྲིད་པ་རེད། དེར་བརྟེན་རྒྱ་དམར་གྱི་གཞུང་ཚབ་ཏུ་སོང་སྟེ་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་ཐོག་ནས་བོད་ལ་གཉེན་འཕྲད་དང། གཏན་བསྐྱོད་བྱེད་ཐུབ་པ་དེ་དབུ་མའི་ལམ་གྱི་གྲུབ་འབྲས་སུ་འགྱུར་རྒྱུའི་ཚབ་ཏུ་དབུ་མའི་ལམ་གྱི་འགལ་རྐྱེན་ཆེན་པོ་ཞིག་ཏུ་འགྱུར་སྲིད་པ་རེད། དེར་བརྟེན་དུས་དང་གནས་སྐབས་སྣ་ཚོགས་ལ་གཞིགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལ་སྲིད་བྱུས་ཁ་གསལ་ཞིག་འཛིན་མ་ཐུབ་ན་ཆབ་སྲིད་ཀྱི་ཐོག་ནས་ནོར་འཁྲུལ་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད།།