རྒྱལ་དབང་ཀརྨ་པར་དོན་གྱིས་རྒྱབ་སྐྱོར་ཞུ་མཁན་ཡོད་ན།

༧ཀརྨ་པ་ཞེས་པའི་ངོ་དེབ་ཀྱི་སྐུ་པར།

རྩོམ་པ་པོ། སྤྱི་ཟུར་བློ་བཟང་གྲགས་པ།

དེ་སྔ་ལ་སྟོད་དིང་རི་གཙོས་གཞིས་ཀ་རྩེ་ས་ཁུལ་ཁ་ཤས་ལ་ས་ཡོམ་གྱི་གོད་ཆག་བྱུང་ནས་ཕྱི་ནང་གི་བོད་མི་ཚང་མས་ཐུགས་ཁུར་གནང་བའི་ཁྲོད། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རིན་པོ་ཆེའི་ཐུགས་གསོ་བཀའ་སློབ་དང་སྙན་ངག་ཕྱག་བྲིས་ཤིག་དེ་རིང་སླར་ཡང་མཐོང་སོང་བས། བློ་ངོགས་སུ་ཁོང་དང་འབྲེལ་བའི་གནས་ཚུལ་ཁ་ཤས་དྲན་བྱུང་། དེ་སྔོན་ཁོང་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཞལ་མཇལ་བྱུང་བའི་པར་རིས་མང་པོ་ཞིག་སྤྱི་ཚོགས་དྲྭ་རྒྱ་འདྲ་མིན་དུ་མཇལ་རྒྱུ་འདུག།བདག་ལ་མཚོན་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོས་དཔལ་རྒྱལ་བ་ཀརྨ་པ་ཆེན་པོ་མཆོག་རང་གི་བྲང་ཁོག་ཏུ་སྦྱར་ནས་བྱམས་སྐྱོང་གནང་བ་དང་། དཔལ་རྒྱལ་དབང་ཀརྨ་པ་ཆེན་པོའི་ཞལ་རས་ནས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་མངོན་པའི་རྣམ་འགྱུར་དེ་མཇལ་བ་དང་སེམས་ནང་བརྗོད་མི་ཤེས་པའི་ཚོར་བ་སྣ་ཚོགས་བྱུང་། སྐུ་པར་དེ་མཇལ་ནས་བོད་མི་མང་པོ་ལ་ཚོར་བ་འདྲ་མིན་བྱུང་ཡོད་རྒྱུ་རེད། ལྷག་པར་དུ་དཔལ་རྒྱལ་དབང་ཀརྨ་པ་ཆེན་པོའི་དངོས་བྱུང་གི་གནས་སྟངས་ལ་རྒྱུས་མངའ་ཤེས་རྟོགས་ཡོད་མཁན་དག་ལ་དེ་བས་ཚོར་བ་མི་འདྲ་བ་ཞིག་ཡོད་ངེས་རེད་ལ། རྣམ་འགྱུར་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཞིག་ཀྱང་བློ་ངོགས་སུ་གསལ་ལམ་ལམ་ཤར་ཡོད་ཚོད་རེད།

ང་ཚོ་ཚང་མས་ཤེས་གསལ་རེད། ལོ་མང་རིང་རྒྱལ་དབང་ཀརྨ་པ་ཕྱི་རྒྱལ་དུ་བཞུགས་ནས་རྒྱ་གར་ལ་ཕེབས་ཐུབ་མེད་པ་རེད། དེ་ཡང་ཁོང་རྒྱ་གར་ལ་ཕྱིར་ཕེབས་འདོད་ཆེན་པོ་ཡོད་པའི་བཀའ་སློབ་མང་པོ་ཡོད་ནའང་། གཙོ་བོ་ཕྱི་ནང་གསང་གསུམ་གྱི་གནས་སྟངས་འདྲ་མིན་དབང་གིས་ཁོང་གི་བསམ་དོན་ལྟར་འགྲུབ་ཐབས་བྲལ་བའི་སྐོར་ཁོང་ཉིད་ཀྱིས་ཐེངས་མང་པོ་གསུངས་ཟིན་པ་རེད། དེ་སྔ་རྒྱ་གར་གཞུང་གི་གསར་ལམ་ཁག་ཏུ་རྒྱལ་དབང་ཀརྨ་པས་རྒྱ་གར་གཞུང་ལ་སྔོན་བརྡ་མེད་པའི་ཐོག་ཌོ་མི་ནི་ཀ་(the CommonWealthOfDominica)རྒྱལ་ཁབ་ཀྱི་མི་སེར་ཕྱག་ཁྱེར་བཞེས་པར་རྒྱ་གར་གཞུང་ལ་ཐུགས་བབས་བྱུང་མེད་ཚུལ་དང་། དུས་དེ་ནས་རྒྱལ་ཁབ་གྱི་ཁྲིམས་ལུགས་ལྟར། ཀརྨ་པ་རིན་པོ་ཆེ་རྒྱ་གར་དུ་ཕེབས་དགོས་ན་རྒྱ་གར་ལ་ཡོང་ཆོག་པའི་ཐོངས་མཆན་ལག་ཁྱེར་དགོས་ཀྱི་ཡོད་པ་དང་། དེ་སྔ་ཁོང་ལ་རྒྱ་གར་གཞུང་གིས་གནང་བའི་ཕྱིར་བསྐྱོད་ལག་དེབ་སེར་པོ་དེ་ཁྲིམས་དོན་ལྟར་ཕྱིར་རྒྱ་གར་གཞུང་ལ་རྩིས་སྤྲོད་མ་བྱས་བར་ཐོངས་མཆན་གནང་བདེ་མིན་ཚུལ་སོགས་གསལ་བ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁ་ཤས་ནང་གསལ་ལྟར་ན། དེ་སྔ་ཀརྨ་པ་རིན་པོ་ཆེས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཁང་བརྒྱུད་ཁོང་གིི་ཕྱི་བསྐྱོད་ལག་དེབ་སེར་པོ་དེ་རྩིས་སྤྲོད་གནང་རྒྱུའི་ཐབས་ཤེས་གནང་ཡོད་ནའང། རྒྱ་གར་གཞུང་ཚབ་ཁང་གིས་དབུས་གཞུང་གི་བཀའ་མངགས་མེད་ན་ང་ཚོས་བྱེད་ཐབས་མེད་ཚུལ་སོགས་བཤད་ནས་ཕྱི་བཤོལ་དང་ནར་འགྱངས་བྱས་ནས་དོན་ཕན་བྱུང་བའི་གྲུབ་འབྲས་ཤིག་མ་བྱུང་སྐོར་ཡང་གོ་རྒྱུ་ཡོད་པ་རེད། གང་ལྟར་ཕྱི་གསལ་ནང་གསལ་མེད་པ། ཁུངས་སྐྱེལ་ར་སྤྲོད་མེད་པ། རྒྱུ་མཚན་གནས་ལུགས་འདི་རེད་ཅེས་ཐག་གཅོད་ཐུབ་པ་གང་ཡང་མེད་པའི་གནས་སྟངས་ཡ་མཚན་པོ་ཞིག་གིས་རྒྱལ་དབང་ཀརྨ་པ་རིན་པོ་བོད་དང་ཧི་མ་ལ་ཡ་གཙོས་རྒྱལ་ཁབ་ཕྱི་ནང་གི་སློབ་མ་དང་འདུལ་བྱའི་རེ་བ་ལྟར་ཕྱིར་རྒྱ་གར་ལ་ད་བར་ཕེབས་ཐུབ་མེད།

གལ་སྲིད་ཁོང་གིས་ཌོ་མི་ནི་ཀ་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་བཟོས་པར་ནག་ཉེན་ཆེན་པོ་ཞིག་ལ་རྩི་གི་ཡོད་ན། དེ་ནི་གནས་ལུགས་གང་ཡང་མེད་པ་ཞིག་ཏུ་མཐོང་། རྒྱུ་མཚན་ནི། ཕྱི་རྒྱལ་མི་སེར་ལག་ཁྱེར་བཟོ་མཁན་གྱི་བླ་ཆེན་མང་པོ་རེད། བླ་ཆེན་ཁ་ཤས་ཀྱིས་ཨ་རིའི་མི་སེར་ལག་ཁྱེར་བཟུང་ནས་རང་དབང་ངང་ས་ཆ་ག་ས་གང་དུ་ཕེབས་ཐུབ་ཀྱི་ཡོད། མ་ཟད་རྒྱ་གར་གཞུང་གིས་སྲུང་སྐྱོབ་དང་སྣེ་ལེན་འཐུས་ཚང་ཞུས་དང་ཞུ་བཞིན་པ་རེད། ཁོང་ཚོས་ཨ་རིའི་མི་སེར་ལག་འཁྱེར་བཟོས་པ་དང་རྒྱལ་དབང་ཀརྨ་པས་ཌོ་མི་ནི་ཀའི་མི་སེར་ལག་འཁྱེར་བཟོས་པར་ཁྱད་པར་ཅི་ཞིག་ཡོད་དམ། ངས་བསམ་པར་དེ་གཉིས་ལ་ཁྱད་པ་གང་ཡང་ཡོད་མ་རེད། རྒྱ་གར་གཞུང་གིས་གནས་སྟངས་གཅིག་པ་ཡིན་ནའང་གཟིགས་སྐྱོང་གནང་སྟངས་མ་གཅིག་པ་དེ་ནི་ཡ་མཚན་པོ་རེད། ཀརྨ་པར་འདི་ལྟ་བུའི་དཀའ་ངལ་རིམ་འཕྲད་བྱུང་ནའང་། ཁོང་གི་ཆོས་བརྒྱུད་གཅིག་པའི་དགོན་སྡེ་གྲྭ་ཚང་དང་དད་ལྡན་མི་དམངས་བཅས་སྤྱི་སྒེར་སུ་ཞིག་གིས་ཀྱང་ད་དབར་དོན་ཕན་བྱུང་བའི་ལས་འགུལ་མང་པོ་སྤེལ་མེད། རྒྱུ་མཚན་དེའི་དབང་གིས། དེ་སྔ་དྲྭ་རྒྱའི་ནང་བཀའ་བརྒྱུད་བསྟན་པའི་མཛེས་རྒྱན་སངས་རྒྱས་མཉན་པ་རིན་པོ་ཆེས་གནས་དོན་དེའི་སྐོར་བཀའ་བརྒྱུད་ལྷ་སྡེ་མི་སྡེ་ཀུན་ལ་འབོད་སྐུལ་གནང་བའི་བརྙན་ཐུང་ཡང་མཐོང་རྒྱུ་འདུག།བོད་མི་མང་སྤྱི་འཐུས་རེ་ཟུང་ཞིག་ལས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གང་རུང་ནས་ཀྱང་རྒྱ་གར་གཞུང་ལ་དེའི་སྐོར་ཞུ་སྐུལ་ལས་འགུལ་སྤེལ་བའང་ད་བར་མཐོང་ཐོས་ཡོད་པ་ཉུང་ཉུང་རེད། ནམ་རྒྱུན་ཁོང་གི་འཁྲུངས་སྐར་སྲུང་བརྩི་བྱས་པའི་པར་རིས་དང་མཛད་སྒོ་གཟབ་རྒྱས་འཚོགས་པའི་བརྙན་ཐུང་མང་པོ་ཞིག་མཐོང་རྒྱུ་ཡོད་པ་ལས། དོན་དངོས་ཐོག་སེར་སྐྱ་དང་སྤྱི་སྒེར་སུས་ཀྱང་ཁོང་ལ་ཁ་ཡོད་ལག་ཡོད་ཐོག་ཕྱག་རོགས་དང་རྒྱབ་སྐྱོར་ཞུ་མཁན་ཉུང་ཉུང་རེད། འདི་ནི་བཙན་བྱོལ་བོད་མི་རྣམས་དང་གནད་ཡོད་མི་སྣ་ཟེར་བ་ཚོས་ཕུགས་རྒྱང་ལ་བསམ་བློ་མ་བཏང་བ་དང་གལ་ཆེ་ཆུང་བལྟ་མ་ཤེས་པའི་ཅོལ་ཆུང་གི་བྱེད་སྟངས་ཤིག་རེད་སྙམ།

དྲང་པོ་བཤད་ན། ཀརྨ་པ་རིན་པོ་ཆེ་རྒྱ་གར་ལ་ཕེབས་ཐུབ་མིན་དེ་ཁོང་སྐུ་སྒེར་ལ་མཚོན་ན་གལ་གནད་ཆེ་ཤོས་ཤིག་ཡིན་པ་མ་མཐོང། ཁོང་ལྟ་བུ་བོད་ཕྱི་ནང་གཉིས་དང་། རྒྱ་དཀར་ནག་གཉིས་བཅས་སྤྱི་མོས་ཀྱིས་ངོས་ལེན་དང་ངོས་འཛིན་ཡོད་པའི་བླ་ཆེན་ཞིག།འཛམ་གླིང་ས་ཕྱོགས་གང་དུ་བཞུགས་ནའང་དཀའ་ངལ་ཞིག་མེད་པ་ནི་སྨྲོས་མེད་རེད། ཡིན་ནའང་། ད་ཆ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང། ས་སྐྱ་ཁྲི་ཆེན་རིན་པོ་ཆེས་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་དགུང་ལོ་བགྲེས་ཤིང་སྐུ་གཟུགས་ཀྱི་བབས་ཀྱང་དེ་སྔ་དང་མི་འདྲ་བའི་གནས་སྟངས་འོག།སྤྱི་མོས་ཀྱིས་ངོས་ལེན་དང་ལོ་ན་གཞོན་ཞིང་སྐུ་ཡོན་ཆེ་བའི་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ནི་ཕྱི་ནང་གི་བོད་པ་ཙམ་མིན་པར། ནང་པ་ཡོད་ཚད་ཀྱི་མ་འོངས་པར་བློ་གཏད་བཅོལ་ས་ཞིག་དང་། བོད་ཀྱི་འཐབ་རྩོད་ཀྱི་ལས་འགུལ་ལ་མུ་མཐུད་གསོན་ཤུགས་བསྐྲུན་ཐུབ་མཁན་ཉག་ཅིག་དེ་ཡིན་པ་དང་། ད་ལྟ་ནས་རྒྱ་དཀར་ནག་གཉིས་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཆེས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཁོང་ནི་མ་འོངས་༧རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་གལ་གནད་ཆེ་བའི་མི་སྣ་ཞིག་ཀྱང་ཡིན་པ་རེད། དེ་སྔར་༧གོང་ས་མཆོག་གིས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ངོས་འཛིན་དང་ངོས་ལེན་གནང་བ་དེས་ཁོང་ཉིད་ཀྱི་མཚན་གནས་སྲུང་སྐྱོབ་ཐུབ་ཡོད་པ་ལྟར། མ་འོངས་པར་རྒྱལ་དབང་ཀརྨ་པ་རིན་པོ་ཆེས་༧རྒྱལ་བའི་ཡང་སྲིད་སུ་ཞིག་ངོས་འཛིན་དང་ངོས་ལེན་གནང་བ་དེས་༧བོད་ཕྱི་ནང་གཙོས་འཛམ་གླིང་ཡོངས་ལ་༧རྒྱལ་བའི་ཡང་སྲིད་ཀྱི་མཚན་གནས་སྲུང་སྐྱོབ་ཐུབ་པར་ནུས་པ་ཆེན་པོ་ཐོན་ངེས་རེད། ལྷག་པར་རྒྱ་གར་གཞུང་ལ་མཚོན་ན། མ་འོངས་པར་ལ་དྭགས་དང་ཨ་རུ་ན་ཅལ་གཙོས་ཧི་མ་ལ་ཡའི་ནང་པའི་མི་སེར་ཡོད་ཚད་ཀྱི་སེམས་ཁམས་ལྷིང་འཇགས་དང་ཡུལ་ལུང་དེ་དག་གི་ས་ཁྱོན་བདག་སྐྱོང་ཐུབ་ཐབས་སོགས་གནད་དོན་མང་པོའི་ཐོག་ཀརྨ་པ་རིན་པོ་ཆེར་བློ་ཡུལ་དུ་མི་ཤོངས་པའི་ནུས་པ་ཡོད་པ་སྨྲོས་མེད་རེད། རྒྱུ་མཚན་དེའི་དབང་གིས་རྒྱལ་སྤྱིའི་ཆབ་སྲིད་རིག་པ་བ་མང་པོས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ནི་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མ་འོངས་རྒྱ་ནག་དང་ཕྱི་འབྲེལ་ཆབ་སྲིད་ཐད་ནས་ནུས་པ་ཆེན་པོ་ཐོན་ཐུབ་མཁན་གྱི་མི་སྣ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དྲང་པོ་བཤད་ན། ད་ལྟའི་ཆར། རྒྱ་ནག་གཞུང་ལ་མཚོན་ན། ཀརྨ་པ་ནི་ཁོང་ཚོ་ལ་ཧ་ཅང་མཁོ་དགོས་ཆེ་བའི་བླ་ཆེན་ཞིག་ཡིན་པ་དང་། རྒྱུ་མཚན་ནི། དཔལ་རྒྱལ་བ་ཀརྨ་པ་ནི་རྒྱ་ནག་གཞུང་དང་༧གོང་ས་མཆོག་གཉིས་ཀས་སྤྱི་མོས་ཀྱིས་ངོས་འཛིན་ཡོད་པའི་བླ་ཆེན་ཞིག་ཡིན་པ་མ་ཚད། གཞིས་བཞུགས་བོད་མི་ཕལ་ཆེར་གྱིས་དད་གུས་དང་ཡིད་སེམས་ཀྱི་སྐྱབས་འཇུག་ཞུ་ཡུལ་ཞིག་ཏུ་གྱུར་ཡོད། མ་ཚད། ཁོང་ནི་རྒྱ་ནག་མིན་རྒྱལ་པོའི་རྩ་བའི་བླ་མ་ཡིན་པ་མ་ཟད། རྒྱལ་པོ་སྐུ་བཤེགས་རྗེས་འདས་མཆོད་ཀྱི་གཙོ་སྐྱོང་བླ་ཆེན་གནང་མྱོང་ཡོད་པས། རྒྱ་ནག་རྒྱལ་ཡོངས་ལ་ཁོང་ནི་ཧ་ཅང་དད་གུས་བྱེད་སའི་བོད་བརྒྱུད་བླ་ཆེན་གཙོ་བོ་ཞིག་ཡིན་པ་རེད། རྒྱུ་མཚན་དེའི་དབང་གིས་རྒྱ་ནག་ནང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་གཞས་པ་གྲགས་ཅན། ཚོང་པ་གྲགས་ཅན་གཙོས་ཁོང་ལ་དད་པ་བྱེད་མཁན་གྱི་མི་འབོར་ཕོན་ཆེན་པོ་ཡིན་པ་རེད། ལྷག་པར་ཏུ། མ་འོངས་༧རྒྱལ་བའི་ཡང་སྲིད་ངོས་འཛིན་གྱི་གནས་དོན་ཐད། རྒྱ་ནག་གིས་སྔ་ས་ནས་གྲ་སྒྲིག་བྱས་དང་བྱེད་མུས་སུ་ཡོད་པའི་ལས་དོན་རྒྱུད་རིམ་ཁྲོད། དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གི་རྒྱབ་སྐྱོར་ཐོབ་རྒྱུ་ནི་རིན་ཐང་བྲལ་བའི་གནས་དོན་ཞིག་ཡིན་པས་རེད།་གང་ལྟར་རྒྱུ་མཚན་འདྲ་མིན་དབང་གིས། ངས་བསམ་པར་རྒྱ་ནག་གཞུང་གིས་ཀྱང་ཁོང་ཕྱིར་རྒྱ་ནག་ལ་གདན་འདྲེན་ཞུ་ཐབས་བྱས་དང་བྱེད་མུས་ཡིན་གྱི་རེད་སྙམ། གནས་སྟངས་འདིའི་འོག་རྒྱ་གར་གཞུང་ནས་ཀྱང་ཕུགས་རྒྱངས་རིང་སར་བསམ་བློ་བཏང་ནས་ཁོང་རྒྱ་གར་ལ་ཕྱིར་གང་མགྱོགས་གདན་འདྲེན་ཞུ་ཐུབ་པ་གནང་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་རེད།

དེ་སྔར་གོ་ཐོས་ལ་ཁོང་དང་རྒྱ་གར་གྱི་དཔོན་རིགས་མཐོ་ཤོས་མང་པོ་དང་ཐུག་འཕྲད་ཀྱིས་བཀའ་མོལ་མང་པོ་གནང་ཡོད་པ་མ་ཟད། ཕན་ཚུན་ལ་བྱུང་བའི་དོགས་པ་མང་པོ་ཞིག་ཀྱང་གསལ་པོ་བྱུང་ཡོད་སྐོར་གསུངས་འདུག་པས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། ཡིན་ནའང་ད་བར་ཡུན་རིང་སོང་ཡང་ཀརྨ་པ་རིན་པོ་ཆེ་ད་དུང་ཡང་རྒྱ་གར་ལ་ཕྱིར་ཕེབས་ཐུབ་པའི་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག།ཀརྨ་པ་རིན་པོ་ཆེ་ནི་བོད་ཕྱི་ནང་གི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་མི་སྣ་གལ་ཆེན་ཞིག་ཡིན་པ་མ་ཟད། རྒྱ་གར་གཙོས་ནུས་ཕྱོགས་རྒྱལ་ཁབ་ཁག་གི་རྒྱ་ནག་ཕྱི་འབྲེལ་ཆབ་སྲིད་གཏན་འབེབས་དང་ཐབས་ཇུས་སོགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པའི་མི་སྣ་གལ་ཆེན་ཞིག་ཡིན་པས། ཁོང་ངེས་པར་ཏུ་རྒྱ་གར་ལ་ཕེབས་ཐུབ་དགོས་པ་ནི་ང་ཚོ་ཚང་མའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས། རང་དབང་གི་སྤྱི་ཚོགས་སུ་གནས་པའི་བོད་མི་སྤྱི་སྒེར་ཚང་མས་བརྒྱུད་ལམ་འདྲ་མིན་དང་ཐབས་ཤེས་ཡོད་དགུས་ལས་འགུལ་སྤེལ་རྒྱུ་ཧ་ཅང་གལ་ཆེ་ནའང་།ད་བར་གནས་ཚུལ་མང་པོ་མཐོང་ཐོས་བྱུང་བས།བཙན་བྱོལ་སྤྱི་ཚོགས་སུ་དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་དོན་གྱིས་རྒྱབ་སྐྱོར་ཞུ་མཁན་ཡོད་ན་སྙམ་པའི་ཚོར་བ་ཡོང་གི་འདུག།