ཐའེ་ལན་ཌའི་རྒྱལ་པོ་ལ་སྐྱོན་བརྗོད་བྱས་རྐྱེན་ལོ་༤༣ གྱི་བཙོན་འཇུག་ཉེས་ཆད་བཏང་འདུག 

ཨེ་ཤི་ཡའི་རྒྱལ་ཁབ་ཐའེ་ལན་ཌ་ཡི་ནང་དུ་རྒྱལ་པོར་སྐྱོན་བརྗོད་བྱས་ཚེ་ཉེས་ཆད་ཚབས་ཆེན་བཏང་གི་ཡོད་པ་དང་། རྒྱལ་སྤྱིའི་ནང་མང་གཙོ་དང་མི་མཐུན་པའི་ལམ་ལུགས་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་བུད་མེད་གཅིག་ལ་རྒྱལ་པོའི་ལམ་ལུགས་ལ་སྐྱོན་བརྗོད་བྱས་པའི་ནག་ཉེས་འོག་ལོ་༤༣དང་ཟླ་བ་༦ གི་བཙོན་འཇུག་ཉེས་ཆད་བཏང་ཡོད་འདུག 

ཟླ་༡ པོའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རང་ལོ་༦༣ ཡིན་པའི་གཞུང་ཞབས་ཟུར་པ་བུད་མེད་ཨེན་ཅན་གྱིས། ཕྱི་ལོ་༢༠༡༤ དང་༢༠༡༥ བར་ལ་སྤྱི་ཚོགས་དྲ་ལམ་ངོ་དེབ་དང་ཡུ་ཊོབ་ཐོག་ཏུ། རྒྱལ་པོ་ལ་སྐྱོན་བརྗོད་བྱས་པའི་སྒྲ་སྒམ་མང་པོ་ཞིག་བཞག་ཡོད་རྐྱེན། ཁྲིམས་ཁང་ཞིག་གིས་མོ་ལ་རྒྱལ་ཁབ་དེའི་རྒྱལ་པོར་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་དང་བསྟུན་ནས། ལོ་ངོ་༤༣ དང་ཟླ་བ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པས། ད་བར་ཁྲིམས་དེའི་འོག་ཏུ་བཙོན་འཇུག་ཁྲིམས་ཆད་ཀྱི་དུས་ཡུན་རིང་ཤོས་དེ་ཆགས་འདུག དེ་ཡང་མོས་ཉེས་འཛུགས་༢༩ ལ་ངོས་ལེན་བྱས་ཡོད་པ་དང་། ཐོག་མར་མོ་ལ་ལོ་ངོ་༨༧ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཀྱང་། མོས་ཉེས་འཛུགས་དེ་དག་ངོས་ལེན་བྱས་རྐྱེན་བཙོན་འཇུག་གི་དུས་ཡུན་ཕྱེད་ཀ་ཉུང་དུ་བཏང་ཡོད་པ་རེད་འདུག 

དེ་ཡང་ཐའེ་ལན་ཌ་ཡི་ཁྲིམས་ནང་རྒྱལ་པོ་དང་རྒྱལ་པོའི་ལས་དོན་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་དམ་པོ་ཡོད་པ་དང་། དེ་ནི་འཛམ་གླིང་ནང་ཁྲིམས་དམ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཐེངས་འདིའི་ཁྲིམས་ཆད་དེ་ཡང་དེ་སྔོན་བྱུང་མྱོང་མེད་པའི་རྒྱལ་ཁབ་དེའི་གཞོན་སྐྱེས་ཚོའི་ངོ་རྒོལ་ལས་འགུལ་འགྲོ་བཞིན་པའི་སྐབས་སུ་བཅད་ཡོད་པས། དེ་ནི་ལས་འགུལ་བ་ཚོར་ཉེན་བརྡ་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་འདུག ཁྲིམས་ཆད་འཕོག་མཁན་བུད་མེད་དེས་བརྗོད་དོན་ལ་མོས་སྒྲ་སྒམ་དེ་དག་དྲ་ཐོག་ཏུ་བཞག་པ་ཙམ་ལས་མཆན་ཡང་བཀོག་མེད་སྐོར་བརྗོད་འདུག 

ཐའེ་ལན་ཌ་ནང་དུ་ཕྲུ་གུ་ཚོ་ཆུང་དུས་ནས་རྒྱལ་ཁབ་ཀྱི་རྒྱལ་པོར་གུས་བརྩི་བྱེད་དགོས་པ་དང་སྐྱོན་བརྗོད་བྱེད་མི་རུང་བའི་ལམ་སྟོན་བསླབ་བྱ་བརྒྱབ་ཀྱི་ཡོད་པ་དང་། རྒྱལ་པོ་དང་རྒྱལ་པོའི་དབང་ཆ་ལ་སྐྱོན་བརྗོད་བྱེད་མཁན་མཐོང་རྒྱུ་ཤིན་ཏུ་དཀོན་པོ་ཡིན་པ་རེད་ལ། དེ་སྔོན་ཁྲིམས་དེ་བེད་སྤྱད་ནས་ཆབ་སྲིད་ཀྱི་འཁོན་ལན་བསློགས་པའི་གནད་དོན་ཡང་མི་ཉུང་བ་ཞིག་ཡོད་པ་རེད་འདུག འོན་ཀྱང་ལོ་སྔོན་མ་ནས་འགོ་བཙུགས་ཀྱིས་སློབ་མ་གཙོས་པའི་གཞོན་སྐྱེས་མང་གཙོ་ལས་འགུལ་བ་མང་པོ་ཞིག་གིས་གཞུང་ལ་སྐྱོན་བརྗོད་དང་རྒྱལ་པོའི་དབང་ཆ་ལ་སྒྱུར་བཅོས་དགོས་པའི་དགོས་འདུན་འོག་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ད་བར་གཞོན་སྐྱེས་༤༠ ལས་མང་བར་རྒྱལ་པོར་སྐྱོན་བརྗོད་མི་ཆོག་པའི་ཁྲིམས་འོག་ཏུ་ཉེས་འཛུགས་བྱས་ཡོད་པ་རེད་འདུག 

དེ་ཡང་ལོ་སྔོན་མའི་ཟླ་༧ པ་ནས་འགོ་བཙུགས་ཀྱིས་ན་གཞོན་ཚོས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ནང་དུ། རྒྱལ་ཁབ་དེའི་སྲིད་བློན་རྩ་དགོངས་ཞུ་དགོས་པ་དང་། རྒྱལ་པོའི་རིང་ལུགས་ཀྱི་དབང་ཚད་ཆུང་དུ་གཏོང་དགོས་པ། རྩ་ཁྲིམས་བསྐྱར་བཅོས་དགོས་པ། གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་སུན་གཙེར་བཟོ་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་འདོན་བཞིན་ཡོད་པ་རེད་འདུག 

དེ་བཞིན་རྒྱལ་ཁབ་དེའི་ད་ཡོད་ལས་ཁུར་སྲིད་བློན་དེ་ནི་དམག་དཔོན་ཞིག་ཡིན་འདུག་པ་དང་། ཕྱི་ལོ་༢༠༡༤ ལོར་གཞུང་ལ་གྱེན་ལངས་སྐབས་ཁོས་དབང་ཆ་བཟུང་ཡོད་འདུག ཕྱི་ལོ་༢༠༡༩ ལོར་རྩོད་རྙོག་ཆེ་བའི་འོས་བསྡུར་སྲིད་བློན་འདེམས་ཐོན་བྱུང་འདུག རྗེས་སུ་གཞོན་སྐྱེས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་ཡུལ་མང་གཙོ་རྒྱབ་སྐྱོར་བའི་སྲིད་དོན་ཚོགས་པ་ཞིག་ལ། ཁྲིམས་ཁང་ནས་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག དེ་བཞིན་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ལས་འགུལ་བ་ཚོར་སུན་གཙེར་བཟོས་པ་དང་། གཅིག་གར་སོང་ཆ་མེད་འགྱུར་བ་སོགས་ལ་བརྟེན་ནས། ངོ་རྒོལ་བ་ཚོས་སྲིད་བློན་ཡང་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་འདུག

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་ཐའེ་ལན་ཌའི་རྒྱལ་པོར་སྐྱོན་བརྗོད་མི་ཆོག་པའི་ཁྲིམས་དེ་ལོག་སྤྱོད་ཀྱིས། སྨྲ་བརྗོད་རང་དབང་དང་ལེགས་བཅོས་དང་འགྱུར་བཅོས་ཀྱི་དགོས་འདུན་ལ་མགོ་གནོན་གྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།