རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་གནང་ནས་ལོ་ངོ་བཅུ་འཁོར་བར་རྗེས་དྲན་ཁབ་མིག་ལས་དྲངས་པའི་དར་གྱི་སྐ་རགས།

༢༠༢༡ ཟླ་བ་ ༠༦ ཚེས ༢༣ བོད་ཀྱི་བང་ཆེན།

ལྷ་སྡེ་གནམ་ལོ་ཡག

གླེང་བརྗོད།

ཚང་མས་མཁྱེན་གསལ་ལྟར། ཕྱི་ལོ་༢༠༢༡ ལོ་ནི་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༡༡ ལོར་སྲིད་འགན་མང་ཚོགས་ཀྱིས་འདེམས་ཐོན་བཀའ་ཁྲི་མཐའ་མ་དང་སྲིད་སྐྱོང་ཐོག་མ་བློ་བཟང་སེངྒེ་མཆོག་ལ་རྩིས་སྤྲོད་གནང་སྟེ་ལོ་ངོ་བཅུ་འཁོར་བའི་ལོ་ཡིན་པར་མ་ཟད། ཕྱི་ལོ་༡༩༦༢ ལོར་གྲོས་ཚོགས་ཐོག་མ་འཚོགས་ཏེ་བོད་ཀྱི་རྩ་ཁྲིམས་གཏན་ལ་ཕབ་སྟེ་ལོ་ངོ་༥༩ འཁོར་བའི་དུས་དྲན་དང་ཕྱི་ལོ་༢༠༢༡ ལོར་གསར་དུ་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་འགན་བརྒྱུད་སྤྲོད་ཀྱི་ལོ་ངོ་དང་པོའང་འགོ་ཚུགས་ཡོད།

སྨྱུགས་ཐོགས་པ་ནི་“ཏཱ་ལའི་བླ་མས་སྲིད་འགན་རྩིས་སྤྲོད་ཞིབ་འཇུག་”གི་རྩོམ་པ་པོ་ཡིན་པའི་ཆ་ནས་རླབས་ཆེ་བའི་སྲིད་དོན་མཛད་པ་འདིར་ཞིབ་འཇུག་ཙམ་མ་ཡིན་པར་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་ལོ་དྲུག་ཅུ་ལྷག་རིང་ལག་པའི་ནང་དཀར་ཡོལ་ལྟར་བསྐྱོར་ནས་ཡོང་བའི་དམངས་གཙོའི་སྒྲོམ་གཞི་འདི་རྒྱུད་འཛིན་དར་འཕེལ་ལའང་རྒྱང་ལྟ་དང་ཞིབ་འཇུག་བྱེད་ཀྱིན་པའི་ཁུལ་ཡིན། དེ་བས། སྲིད་སྐྱོང་གསར་བས་དམ་བཅའ་ཕུལ་ལ་ཉེ་སྐབས་སྨྱུག་ཐོགས་པས་བཀའ་སྤྱི་གཉིས་ལ་ཡོངས་གྲགས་ཞུ་ཡིག་ཅིག་ཕུལ་ནས་གྲོས་ཚོགས་ཀྱི་ཚོགས་འདུ་འཕར་མ་ཞིག་དྲ་ཐོག་ནས་བསྐོང་འཚོགས་ཀྱིས་བར་བརྒལ་ཁྲིམས་ཞིབ་པ་ཞིག་དང་སྤྱི་འཐུས་ཚོགས་གཙོ་གཅིག་འོས་འདེམས་ལ་འབོད་བསྐུལ་ཞུས་ཡོད་པར་མ་ཟད། ཆབ་སྲིད་ངོ་མ་ནི་རང་ཚུགས་མ་ཤོར་བའི་ཕན་ཚུན་བསྟུན་ཤེས་ཀྱི་སྒྱུ་རྩལ་ཞིག་ཡིན་པས།  ཁྲིམས་ཞིབ་པ་འཕོ་འགྱུར་བཏང་རྗེས་བསྐྱར་དུ་འདེམས་མ་ཆོག་པའི་ཁྲིམས་སྲོལ་མེད་པས། དྭགས་པོ་བསོད་ནམས་ནོར་བུ་ལགས་འོས་མི་གཅིག་ལ་འཇོག་འོས་ཚུལ་བཅས་ཞུས་ཡོད། ཡིན་ནའང་། གསན་མཁན་རྐང་གཅིག་མ་བྱུང་བར་བརྟེན་ནས་དེང་སྐབས་སྲིད་སྐྱོང་གཅིག་པུ་ཙམ་ལས་དོན་ལ་དམངས་གཙོའི་ཀ་བ་གཉིས་འགྱེལ་ཟིན་པའི་གནས་སྟངས་ཡ་ང་འདིར་ཐུག་ཡོད་པ་རེད། དེ་མཚུངས་སུ་ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚེ་ཡན་ཆད་ལ་འཕར་འཆག་བཟོས་ཚུལ་བརྗོད་གཞིར་འཛིན་མཁན་ཚོ་རྐང་གཅིག་མཐོང་རྒྱུ་མེད་པར་མ་ཟད། ཐ་ན་དམངས་གཙོའི་ཀ་བ་གཉིས་འགྱེལ་ནས་ཀ་བ་གསུམ་པའང་འགྱེལ་ལ་ཉེ་བཞིན་ནའང་ཚོར་བ་ལས་ཕྱི་ལ་ཐོན་མཁན་བྱུང་མ་སོང་།

དེ་མཚུངས་སུ་བཀའ་ཁྲི་ཟུར་བ་དང་དགའ་ལྡན་ཕོ་བྲང་གི་ལས་ཐོགས་འགན་འཛིན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནོར་ཝེ་རླུང་འཕྲིན་ཁང་བརྒྱུད་ནས་ཁྲིམས་སྦོ་ལུག་པ་འདིར་མང་ཚོགས་ཀྱི་ངོས་ནས་འགན་འཁུར་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་ལྟར་རྒྱ་གར་ལྷོ་ཕྱོགས་ཧོང་སོར་གཞིས་ཆགས་ནས་ཡིན་པའི་རྒན་བློ་བཟང་བསྟན་འཛིན་ལགས་ཀྱིས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསོལ་རས་བསྩལ་བའི་དམངས་གཙོའི་སྒྲོམ་གཞི་སྲུང་སྐྱོབ་དང་ཁྲིམས་ཞིབ་པ་གསུམ་ཕྱིར་ཡོང་སྟངས་ལ་བློ་ཕམ། སྤྱི་འཐུས་ཕྱོགས་གཉིས་སུ་གྱེས་པར་བློ་འཚབ་བཅས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེག་གནང་ནས་ལུས་ཕུང་གི་སུམ་ཆའི་གཅིག་འཚིག་ཟིན་པ་ལྟར་རེད། འདི་ནི་སྔར་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་དང་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་གཉིས་ལ་ལོ་ངོ་གསུམ་རིང་རྩོད་པ་བྱེད་དུ་བཅུག་ནས་མཐར་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་སམ་སྒོམ་ལུགས་པ་མཐར་བསྐྲོད་གཏོང་སྐབས་བཙན་པོའི་གཞུང་ལ་ངོ་རྒོལ་མཚོན་ཆེད་མེར་བསྲེག་གནང་མཁན་བྱུང་བའི་རྗེས་ཀྱི་བོད་ཀྱི་ནང་ཁུལ་ལ་ངོ་རྒོལ་མཚོན་ཆེད་མེར་བསྲེག་གནང་ཐེངས་དང་པོ་དེ་ཡིན་པས། མང་ཚོགས་ལ་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསོལ་རས་བསྩལ་བའི་དམངས་གཙོའི་ཀ་བ་གསུམ་སྲུང་སྐྱོབ་བྱེད་སྟངས་འདི་ལྟ་བུའི་བློ་ངོར་མི་ཤོང་བའི་བྱ་སྤྱོད་ལས་མེད་པ་གསལ་བོ་རེད་ལ། འདི་ནི་འདེམས་ཐོན་སྲིད་སྐྱོང་དང་དབུས་འོས་བསྡུ་ལྷན་ཁང་། འདེམས་ཐོན་སྤྱི་འཐུས་ཆ་ཚང་། ཁྲིམས་ཞིབ་ཁང་བཅས་ནས་ཚོར་བ་དོར་ནས་སྲིད་དོན་པ་ངོ་མ་ཞིག་གི་མིག་རྒྱང་འོག་དགོངས་པ་ཆེར་བཞེས་ཀྱི་དུས་སུ་བབས་ཡོད་པར་དྲན་བསྐུལ་ཡིན་པར་མ་ཟད། རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་གནང་ནས་ལོ་ངོ་བཅུ་འཁོར་བར་བཀའ་དྲིན་རྗེས་དྲན་སྙིང་ཐག་པ་ནས་ཞུ་དགོས་པའི་དུས་ལའང་བབས་ཡོད་པ་མཚོན་ཡོད།

བར་འདུམ་གྲོས་གཞི།

འོ་ན།  རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་གནང་ནས་ལོ་ངོ་བཅུ་འཁོར་བར་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུ་འོས་སམ་ཟེར་ན། དེ་ནི་སྔོན་འགྲོའི་ཆ་རྐྱེན་གཅིག་དང་ཕྱིར་འཐེན་གཉིས། ཁས་ལེན་གསུམ། མང་ཚོགས་ཀྱི་ལྟ་བསྐུལ་ཞུ་སྒོ་བཅས་བརྒྱུད་ནས་རྗེས་དྲན་ཞུ་འོས་པར་གདོན་མི་ཟ། དེ་ལྟར་དོན་གྱི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་ཁོང་གི་མཛད་ཆེན་གཅིག་སྟེ། དམངས་གཙོའི་ཀ་བ་གསུམ་སྲུང་སྐྱོབ་ཀྱི་གཞི་མར་གྱུར་ཡོད། དེ་ལས་ལྡོག་ན། རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚེ་ལ་དོན་གྱི་འཕར་ཆག་བྱུང་མི་སྲིད་པའང་མིན། དེ་དུས་འགན་འཁུར་ཐུབ་མཁན་མི་རྐང་གཅིག་མེད་པ་ས་རིས་ཐང་གསལ་ཡིན་པས། སྨྱུག་ཐོགས་པས་ཞུ་འདོད་པའི་གོང་བརྗོད་བར་འདུམ་བསམ་ཚུལ་ཞིབ་ཕྲ་གཤམ་གསལ།

༡ སྔོན་འགྲོའི་ཆ་རྐྱེན་གཅིག

ད་ལྟ་དམ་འབུལ་བྱས་ཟིན་པའི་སྲིད་སྐྱོང་དང་དམ་འབུལ་ཞུ་ཡུལ་མི་གཅིག་པའི་སྤྱི་འཐུས་ཤོག་ཁག་གཉིས་ལ་དབུས་འོས་བསྡུ་ལྷན་ཁང་གིས་ངོས་ལེན་གནང་དགོས། དེ་ཡི་ཡར་སྔོན་ཁྲིམས་ཞིབ་པ་གསུམ་དང་སྤྱི་འཐུས་ཤོག་ཁག་གཉིས་ཀྱི་འཐུས་མིའི་བར་དུ་ཕྱིར་འཐེན་གཉིས་དང་ཁས་ལེན་གསུམ་ཐད་གྲོས་བསྡུར་བརྒྱུད་ནས་ཐག་བཅད་གནང་དགོས་ལ། དེ་ནི་ཁྲིམས་ཀྱི་དབང་བསྒྱུར་སྲུང་སྐྱོང་དང་ཁྲིམས་མཐུན་ཡོང་ཐབས་ཀྱི་ལམ་ཁ་ཆགས་ཡོད།

༢  ཕྱིར་འཐེན་གཉིས།

(༡) ཁྲིམས་ཞིབ་ཁང་ནས་ཕྱི་ལོ་༢༠༢༠ ལོའི་ཟླ་༩ ཚེས་༢༥ ཉིན “སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་མི་གྲངས་༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ་ཁྱབ་བསྒྲགས་” ཕྱིར་འཐེན།

དེ་ནི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་སྔ་ནོར་བྱུང་བར་ཕྱི་འདོམས་ཀྱི་གོམ་པ་དང་པོ་ཡིན་ལ། ཞི་འགྲིག་ཡུན་གནས་ཀྱི་དཀྱེལ་ཡངས་དགོངས་བཞེས་ཀྱང་ཡིན། ཁྲིམས་ཞིབ་པ་གསུམ་གྱི་སུ་ཡིན་ནའང་འདྲ། མི་སྒེར་གྱི་ལོ་རྒྱུས་ཁྲོད་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་ངོ་དྲུག་ཅུའི་རིང་མིག་འབྲས་ལྟར་སྲུང་ཡོང་བའི་དམངས་གཙོའི་ཀ་ཆེན་གསུམ་སྒྱེལ་མཁན་གྱི་མཚན་ཤས་ཟུར་ཙམ་ཡང་ལྷག་གི་འཇུག་མི་འདོད་པར་ཡིད་ཆེས་ཡོད། དེ་བཞིན་དུ་གཤམ་གྱི་ཕྱིར་འཐེན་གཉིས་པའི་གོམ་པ་སྤོ་བར་མཐུན་རྐྱེན་དུའང་གྱུར་ཡོད། གལ་སྲིད་དགོས་མཁོ་ཡོད་ན་བྱེད་སྒོ་འདི་གནས་ཆུང་ངམ་ལྷ་མོ་གང་རུང་ལ་ལུང་བསྟན་ཞུས་པ་བརྒྱུད་ནས་ལག་ལེན་ནང་འདེབས་ཆོག་པའང་བཙན་བྱོལ་བཅའ་ཁྲིམས་ཀྱི་རྩ་བའི་སྒྲོམ་གཞི་ཆོས་སྲིད་ཟུང་འབྲེལ་ཡིན་པས་ཐག་བཅད་ཡོད།

(༢) སྤྱི་འཐུས་ཐེངས་བཅུ་བདུན་པ་འཚོགས་ཐེངས་དང་པོའི་སྟེང་དུ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་གནང་བའི་གཞུང་འབྲེལ་གྲོས་ཆོད་ཨང་༢༠༢༡།༡༦།༡༠།༣༩ ཅན་ཕྱིར་འཐེན་གནང་དགོས།

འདི་ནི་ད་ལྟ་ཕྱོགས་གཉིས་ནས་དམ་འབུལ་གནང་ཟིན་པ་གཞིར་བཞག་གིས་སྤྱི་འཐུས་ཚོགས་ཐེངས་དང་པོ་བསྐོང་འཚོགས་ཀྱིས་ལག་བསྟར་གནང་གལ། ཆབ་སྲིད་ནི་རང་ཚུགས་མ་ཤོར་བའི་ཕན་ཚུན་བསྟུན་ཤེས་ཀྱི་སྒྱུ་རྩལ་ཞིག་ཡིན་པའི་རྨང་གཞིའི་ཐོག་བསྐྱོད་ཀྱིན་པར་མ་ཟད། ཁྲིམས་ཞིབ་ཁང་ནས་ཕྱིར་འཐེན་གནང་ཟིན་པའི་བཀའ་ཁྱབ་ལ་ཆེ་མཐོང་སྤྲད་ཀྱིན་པ་ཞིག་ཀྱང་ཡིན། ད་དུང་མི་སྒེར་སོ་སོའི་ལོ་རྒྱུས་ཁྲོད་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལོ་ངོ་དྲུག་ཅུའི་རིང་མིག་འབྲས་ལྟར་སྲུང་ཡོང་བའི་དམངས་གཙོའི་ཀ་ཆེན་གསུམ་སྒྱེལ་མཁན་གྱི་མཚན་ཤས་ཟུར་ཙམ་ཡང་ལྷག་གི་འཇུག་མི་འདོད་པར་ཡིད་ཆེས་ཡོད།

༣ ཁས་ལེན་གསུམ།

(༡) ཁྲིམས་ཞིབ་པ་གསུམ་སྤྱི་འཐུས་སྐབས་བཅུ་བདུན་པའི་ལས་ཡུན་རྫོགས་ཁར་འཕོ་འགྱུར་གཏོང་ཆོག་པར་ཁས་ལེན་གནང་དགོས།

འདི་ནི་ད་རེས་སྤྱི་འཐུས་སྐབས་བཅུ་བདུན་པ་དུས་ལྟར་བསྐོང་འཚོགས་གནང་མ་ཐུབ་པ་དང་སྤྱི་འཐུས་སྐབས་བཅུ་དྲུག་པས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བར་ཐོག་མར་ངོས་ལེན་དང་ཟླ་གཉིས་ཀྱི་རྗེས་སུ་ཁྲིམས་ལྟར་ཕྱིར་ཕེབས་པ་མ་ཡིན་པར་གུན་གསབ་ཆེད་དང་། ཡང་སྒོས་རྒྱལ་བ་རིན་པོ་ཆེ་ཡི་དམངས་གཙོའི་མཛད་པར་བར་ཆད་བྱུང་གྲབས་ལ་བཟོད་གསོལ་ཆེད་ཡིན།

(༢) སྤྱི་འཐུས་སྐབས་བཅུ་བདུན་པས་ཁྲིམས་འཆར་གྲོས་ཆོད་ནང་སྤྱི་འཐུས་ཕྱག་ལས་སྐབས་ལྔ་མ་གཏོགས་གནང་མི་ཆོག་པའི་བཅད་རྒྱ་འདེབས་པར་ངོས་ལེན་གནང་དགོས།

གཅིག་ནས་སྤྱི་འཐུས་སྐབས་བཅུ་བདུན་པ་དུས་ལྟར་འཚོགས་མ་ཐུབ་པ་དང་རྒྱལ་བ་རིན་པོ་ཆེ་ཡི་དམངས་གཙོའི་མཛད་པར་བར་ཆད་བྱུང་གྲབས་ལ་བཟོད་གསོལ་ཆེད་ཡིན། ཕྱོགས་གཞན་གཅིག་ནས་འཛམ་གླིང་གི་གྲོས་ཚོགས་གང་དུའང་སྤྱི་འཐུས་ལས་ཡུན་ལ་དུས་བཀག་མེད་པས། རྙོག་དྲ་རབ་དང་རིམ་པ་རྒན་པ་ཚོ་བརྒྱུད་ནས་བྱུང་གིན་པར་འགོག་ཐབས་ཀྱི་མིག་དཔེ་གསར་བ་ཞིག་ཀྱང་ཆགས་ཡོད།

(༣) སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་དམ་འབུལ་བྱེད་ཡུལ་མ་གཅིག་པ་རེ་ཡི་ཤོག་ཁག་ནང་ཡོང་དགོས།

གལ་སྲིད་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མདུན་ནས་དམ་འབུལ་ཞུ་མཁན་ཁྲོད་དུ་སྤྱི་འཐུས་ཚོགས་གཙོ་བྱུང་བ་ཡིན་ན། བཅའ་ཁྲིམས་དང་སྐུ་པར་མདུན་ནས་དམ་འབུལ་ཞུ་མཁན་ཁྲོད་ཚོགས་གཞོན་ཡོང་བར་ཁས་ལེན་དང་། གལ་སྲིད་བཅའ་ཁྲིམས་དང་སྐུ་པར་མདུན་དུ་དམ་བཅའ་འབུལ་མཁན་ཁྲོད་དུ་ཚོགས་གཙོ་བྱུང་བ་ཡིན་ན། བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་མདུན་དུ་དམ་འབུལ་ཞུ་མཁན་ཁྲོད་ཚོགས་གཞོན་ཡོང་བར་ཁས་ལེན་བྱེད་དགོས།

༤ མང་ཚོགས་ཀྱི་ལྟ་བསྐུལ་ཧ་ཅང་གི་གནད་འགག་ཆགས་ཡོད།

རྒྱལ་བ་རིན་པོ་ཆེ་མཆོག་གིས་གནང་བའི་དམངས་གཙོའི་གསོལ་རས་དེ་བཞིན་འཇིག་ཉེན་ལས་སྐྱོབ་ཏེ་ཁོང་གི་མཛད་པ་བསྐལ་བརྒྱར་གནས་པར་གཞོགས་འདེགས་དང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་ནི་འཁྲབ་སྟོན་ཞིག་ཡིན་པ་བསྒྲགས་ཀྱིན་པའི་བསམ་སྦྱོར་ངན་པ་བཟློག་པར་འདུན་པ་ཡོད་མཁན་དག་གིས་སྨྱུག་ཐོགས་པས་གོང་དུ་བཏོན་པའི་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་རྩིས་སྤྲོད་ལོ་ངོ་བཅུ་འཁོར་བར་རྗེས་དྲན་དང་བསྟུན་ནས་བཙན་བྱོལ་བའི་དམངས་གཙོ་སྦོ་ལུག་གིན་པར་ཕུལ་བའི་དར་གྱི་སྐ་རགས་སམ། སྔོན་འགྲོའི་ཆ་རྐྱེན་གཅིག་དང་ཕྱིར་འཐེན་གཉིས། ཁས་ལེན་གསུམ་བཅས་འདེམས་ཐོན་སྲིད་སྐྱོང་དང་ཆེས་མཐོ་ཁྲིམས་ཞིབ་ཁང་། དབུས་འོས་བསྡུ་ལྷན་ཁང་དང་འདེམས་ཐོན་སྤྱི་འཐུས་ཡོངས་ནས་དང་ལེན་གྱིས་དམངས་གཙོའི་སྐེག་བཟློག་གི་རྨང་གཞིར་འཛིན་པར་བསྐུལ་མ་གནང་འོས། གལ་ཏེ་ཁོང་ཚོས་བདུན་ཕྲན་གཉིས་ནས་གསུམ་གྱི་ནང་དམངས་གཙོ་སྦོ་ལུག་གིན་པར་སྐ་རགས་མ་བཅིང་བ་ཡིན་ན། རང་ཉིད་སོ་སོ་སྡོད་སའི་རྒྱལ་ཁབ་དང་གྲོས་ཚོགས་ནང་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནང་བའི་དམངས་གཙོའི་གསོལ་རས་དེ་བཞིན་འཇིག་ཉེན་ལ་འཕྲད་ཟིན་པ་དང་དེ་ལས་སྐྱོབ་པར་གཞོགས་འདེགས་ཡོང་བར་ཡིག་ངག་གཉིས་ཐོག་ནས་འབོད་བསྐུལ་ཞུ་དགོས། ལྷག་པར་དུ་ཨ་རི་དང་ཡོ་རོབ། ཧི་ཧོང་དང་ཨོ་སི་ཁྲི་ལི་ཡའི་མཚོན་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གཙོ་བོར་འཛིན་དགོས།

མཐའ་བསྡོམས།

དྲང་མོར་བཤད་ན། སྨྱུག་ཐོགས་པས་ཅིག་ཤེས་སོང་ཞེས་རྩོམ་ཡིག་འདི་བྲིས་པ་མིན། ཡིན་ནའང་། འབྲོག་ཁྱིམ་ཞིག་ནས་འཚར་ལོངས་བྱུང་བ་ཡིན་པས། སློག་པ་སྦོ་ལུག་སོང་ན་སྐ་རགས་བཅིང་ཆོག་པ་ཤེས་ཀྱི་ཡོད། དེ་ག་ནང་བཞིན་དམངས་གཙོའི་ཀ་བ་གསུམ་སྦོ་ལུག་གིན་པར་གསེར་གྱི་སྐ་རགས་ཤིག་བླུ་མི་ཐུབ་ཀྱང་དར་གྱི་སྐ་རགས་ཤིག་བླུས་ནས་ཕུལ་བ་ཡིན་པས། ཚང་མ་ཚོར་བ་ལས་ཕྱི་ལ་ཐོན་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ། གོམ་པ་གང་ཕྱི་བསྣུར་གྱིས་བཙན་བྱོལ་དམངས་གཙོ་སྦོ་ལུག་གིན་པར་སྐ་རགས་འདི་བཅིང་འོས་པའི་དུས་སུ་འཁེལ་ཡོད། ད་གཟོད་འདེམས་ཐོན་སྲིད་སྐྱོང་དང་ཆེས་མཐོ་ཁྲིམས་ཞིབ་ཁང་། དབུས་འོས་བསྡུ་ལྷན་ཁང་དང་འདེམས་ཐོན་སྤྱི་འཐུས་ཡོངས་ལ་མང་ཚོགས་ཁྲོད་དོན་གྱི་དགའ་བསུ་ཐོབ་ངེས་ཡིན། དེ་ལས་ལྡོག་ན། མཇུག་འབྲས་གཅིག་ཡོད་པ་ནི་བཙན་བྱོལ་བ་བོད་མི་དམངས་ཀྱི་མགྲིན་ཚབ་པ་ཟེར་པའི་དུས་ཡུན་དེ་རང་འགུལ་གྱིས་མཇུག་བསྡུས་ཟིན་པ་ཡིན་ལ། བོད་ཀྱི་མིང་ཐོག་གི་རོགས་བསྐྱོར་མཐའ་དག་ལ་ཁ་ལོ་བསྒྱུར་བའི་དུས་ཚོད་ཀྱང་ཡལ་ངེས་ཡིན། །