རྒྱལ་བའི་བཀའ་བསྟན་གྱི་མཉེན་ཆས་ལས་འཕྲོས་པའི་གཏམ།

དེ་ཡང་བོད་ཆོས་ལྡན་གྱི་ཞིང་ཁམས་ལ་སྔོན་བྱོན་མེས་དཔོན་དམ་པ་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་མདོ་སྔགས་རིག་གནས་དང་བཅས་པ་བོད་ལ་གདན་འདྲེན་ཞུས་ཤིང་། ད་ལྟ་ང་ཚོའི་ལོངས་སུ་སྤྱོད་བཞིན་པའི་ནང་ཆོས་འདི་ཉིད་དར་སྤེལ་མཛད། མེས་དབོན་གོང་མ་དེ་དག་གི་བཀའ་དྲིན་ནི་ང་ཚོས་བརྗོད་ག་ལ་སྤོབས། སྐབས་དེ་དུས་ཁོར་ཡུག་གི་གནས་སྟངས་ད་ལྟ་ནང་བཞིན་འགྲུལ་བཞུད་ག་ལ་ཡོད། ཞབས་ཐང་ལ་ལ་ལུང་དང་། འཕྲང་ལམ་དོག་པོ། གཅན་གཟན་གདུག་པ་ཅན་སོགས་ཉེན་ཁའི་འོག་ནས་བསྐྱོད་དགོས། མི་མེད་ལུང་སྟོང་ནང་ལ་ལུས་གྲང་ན་གྱོན་རྒྱུ་མེད་པ་དང་། གྲོད་ཁོག་ལྟོག་ན་ཟ་རྒྱུ་མེད། ལྷམ་འཐིལ་བུབ་ནས་རྐང་པར་རྡོ་ཧྲུག་འཛུལ་ནའང་དེ་ལས་གྱོན་རྒྱུ་མེད་པ་སོགས་ཀྱི་ཟླ་བ་དང་ལོ་བསྟུད་ནས་འགྲུལ་བཞུད་ཀྱིས་དཀའ་སྡུག་ཁག་ལ་གདོང་ལེན་གནང་ནས་ཕེབས་དགོས་པ་ཞིག་རེད། ད་ལྟ་ནང་བཞིན་རླངས་འཁོར་དང་གནམ་གྲུ་སོགས་མཐོང་རྒྱུ་ཕར་ཟད་རྣ་བས་ཐོས་མྱོང་ཙམ་ཡང་ཡོད་ཀྱི་མ་རེད་སྙམ། དེ་འདྲའི་ཁོར་ཡུག་གི་གནས་སྟངས་འོག་ནས་སྔོན་བྱོན་མེས་དབོན་ཆོས་རྒྱལ་བཀའ་དྲིན་ཅན་དེ་དག་གིས་ཐུགས་སྟོབས་རྨད་བྱུང་ལས་ད་ལྟ་ང་ཚོར་འཛམ་གླིང་མི་དམངས་ཀྱི་མདུན་དུ་ངོ་གནོང་མི་དགོས་པས་ང་ཚོ་མི་རིགས་ལ་རིག་གནས་ཁྱད་དུ་འཕགས་པའི་ཤེས་རིག་ཡོད་པ་རེད། ཤེས་རིག་འདི་ཉིད་ལ་ང་ཚོ་འགོ་འོག་ཚང་མས་རྣམ་རིག་བསྒྲིམ་ནས་བདག་གཅེས་གནང་དགོས་པ་དེ་རེད།

ངས་བདག་གཅེས་གནང་དགོས་རེད་ཞུ་དུས་ལྷ་སྐུ་ནང་བཞིན་མཆོད་བཤམས་ནང་དུ་བསྒྲིགས་དགོས་རེད་ཟེར་གྱི་མེད། ང་ཚོ་བོད་རིགས་འགོ་འོག་ཚང་མས་ནང་ཁུལ་ལ་ངེས་པར་བོད་ཡིག་བཀོལ་སྤྱོད་གནང་དགོས་པ་དང་། ང་ཚོའི་བཀོལ་སྤྱོད་གནང་སའི་ཁོར་ཡུག་མི་འདུག་སྙམ་པའི་དང་ཐོག་སེམས་ནང་འདུ་ཤེས་དེ་དོར་དགོས། ང་ཚོར་རང་རྐྱང་འཕེལ་བའི་སྐད་ཡིག་ཡོད་བཞིན་ཐོག་དེ་ཉིད་བཀོལ་སྤྱོད་མི་གནང་ཞིང་སྐད་ཡིག་གཉིས་པ་ཞིག་ཨུ་ཚུགས་བརྒྱབ་སྟེ་ང་ཚོའི་ཉིན་རེ་འཚོ་བ་ནང་ལ་བཀོལ་སྤྱོད་གནང་རྒྱུར་དགའ་སྣང་བྱེད་བཞིན་འདུག ང་ཚོའི་སྐད་ཡིག་རྩ་ཆེན་པོ་ག་ཚད་ཡིན་གསུངས་ནའང་བཀོལ་སྤྱོད་མ་གནང་ན་རིམ་པས་ཕྱི་མའི་ལམ་དུ་གཤེགས་འགྲོ་རྒྱུ་ཡིན་པ་བརྗོད་ག་ལ་དགོས། ད་ལྟ་ནས་ང་ཚོའི་འགོ་འོག་ཚང་མས་ཡིད་གཟབ་གནང་ནས་ལས་དོན་མ་གནང་ན་མི་ཐོག་ཁ་ཤས་ཀྱིས་རྗེས་ལ་ཨ་ཁ་སྙམ་པ་དུས་ཚོད་སླེབས་དུས་དེ་དུས་འཕྱི་ཚར་བ་རེད་སྙམ། ད་ལྟ་ནས་རང་རེའི་འགོ་འོག་ཚང་མས་བོད་མི་རིགས་ཀྱི་སྐད་ཡིག་རྩ་ཆེན་པོ་ཡིན་རབས་ཞལ་ནས་བརྗོད་པ་ཙམ་ཞིག་མ་ཡིན་པར་དངོས་སུ་རང་རེའི་བོད་མིའི་ནང་ཁུལ་ལ་ངེས་པར་བོད་ཡིག་བཀོལ་སྤྱོད་གནང་དགོས་པར་སེམས། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་བོད་ཡིག་ཁག་པོ་འདུག་སྙམ་པའི་བློ་ངོས་ལ་བཟུང་ནས་སོ་སོའི་བློ་སྒོ་བརྒྱབ་ཀྱི་འདུག་ཅིང་། དེ་ནི་ཧ་ཅང་གི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། ག་དུས་སོ་སོའི་བློ་སྒོ་ཕྱེ་ནས་བཞག་ན། རིམ་པས་བོད་ཡིག་ཐོག་ལ་དོ་སྣང་སླེབས་ནས་ཡར་རྒྱས་འགྲོ་ངེས་སྙམ། དང་ཐོག་ནས་བློ་སྒོ་བརྒྱབ་ནས་བཞག་པ་ཡིན་ན་དུས་ནམ་ཡང་ཡར་རྒྱས་འགྲོ་རྒྱུ་མེད། ལྷག་པར་མི་ཞིག་གིས་ངོ་དེབ་སོགས་སུ་བསམ་ཚུལ་བྲིས་པ་དང་། དེར་ལམ་སང་དག་ཆ་ནོར་འདུག་ཟེར་བ་དང་། བརྗོད་བྱ་དང་རྗོད་བྱེད་ཞན་པོ་རེད་འདུག་ཟེར་བ་སོགས་ཀྱི་འགོ་བོ་བཀྱག་རྒྱུ་མེད་པར་དང་ཐོག་ནས་མགོ་བོ་མར་མནན་གྱི་འདུག་ཅིང་། དེ་འདྲ་བྱས་པའི་དབང་གིས་དང་ཐོག་བོད་ཡིག་ཐོག་ལ་ཏོག་ཙམ་འབྲི་བསམ་པའི་ཀུན་སློང་བཟང་པོ་ཡོད་མཁན་ཡོད་པ་དེ་དག་སེམས་ཤུགས་ཆག་ནས་མི་འབྲི་བའི་གནས་སྟངས་ཤིག་ལ་འགྱུར་གྱི་འདུག་ཅིང་། དེ་འདྲ་གཏན་ནས་གནང་མི་རུང་བ་ཞིག་རེད། དེ་འདྲ་གནང་བསྡད་པ་ཡིན་ན་བོད་ཡིག་ཐོག་ལ་ཏོག་ཙམ་ཞིག་དོ་སྣང་ཡོད་པ་དེ་རིམ་གྱིས་མེད་པར་འགྱུར་གྱི་འདུག ལྷག་པར་བོད་ཡིག་དང་ཐོག་སྦྱོང་མཁན་ཞིག་ཡིན་ན་སེམས་ཤུགས་ཆེར་སྐྱེད་ཀྱི་མིས་ག་རེ་སྨད་བསྟོད་བྱས་ནའང་མུ་མཐུད་དེ་འབད་བརྩོན་གནང་ནས་བོད་ཡིག་བཀོལ་སྤྱོད་གནང་དགོས་པ་དེ་རེད། རིམ་པས་ཡར་རྒྱས་འགྲོ་བ་ནི་བརྗོད་མ་དགོས་པ་ཞིག་རེད་སྙམ། དེར་བརྟེན་བོད་ཡིག་བཀོལ་སྤྱོད་གནང་མཁན་ལས་དང་པོ་རྣམས་སེམས་ཤུགས་འཕར་བའི་སྐད་ཆ་བཤད་དགོས་ཀྱི་འདུག་སྙམ། དེ་དག་ནི་ང་ཚོ་སྤྱི་ཚོགས་ནང་གི་གནས་སྟངས་ལས་ཞོར་འཕྲོས་ཙམ་ལས་མ་འདས།

གོང་དུ་ཞུས་ཟིན་ལྟར་སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་དེ་དག་གིས་ལུས་དང་ལོངས་སྤྱོད་བཅས་པ་བློས་བཏང་ནས་རྒྱལ་བའི་བཀའ་མདོ་རྒྱུད་དང་བཅས་པ་རིམ་པའི་བོད་བསྒྱུར་གནང་ཡོད་ལ། སྐབས་དེ་དུས་ཕབ་བསྒྱུར་གནང་སྟངས་དེ་ཡང་རྒྱ་བོད་གཉིས་ཀའི་ལོ་པཎ་ལྷན་འཛོམས་ཐོག་ནས་རིམ་པས་བསྒྱུར། དེ་ཡང་རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བོད་ཀྱི་གསུང་རབས་ཁག་གི་བརྡ་དོན་གཅིག་འགྱུར་ཡོང་སླད་ཁྲིམས་ལུགས་གཏན་འབེབས་མཛད། དེ་ཡང་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏབས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱི་བསླབ་ཏུ་རུང་བ་གྱིས་ཤིག་ཅེས་བཀའ་བསྩལ།

དེ་འདྲའི་ཆོས་རྒྱལ་གོང་མ་རྣམས་ཀྱི་རྩ་ཆེན་དོན་ཆེ་ཞིག་ལ་བཟུང་ནས་གཏན་འབེབས་མཛད་པས་དྲིན་ལས་ད་ལྟའི་ང་ཚོའི་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་དག་ནི་མེས་དབོན་ཁོང་རྣམ་པས་དྲིན་ལས་བྱུང་བ་ཞིག་ཀྱང་རེད། དེ་འདྲའི་རྩ་ཆེན་རྒྱལ་བའི་བཀའ་བསྟན་དེ་དག་དེ་སྔོན་ཡིན་ན་ལྷ་ཁང་དུ་བཞུགས་ནས་མཆོད་འབུལ་ཙམ་ལས་གཞན་ལྟ་ཀློག་བྱེད་མཁན་མི་དམངས་ནང་ལ་ཧ་ཅང་དཀོན་པོ་རེད། དགོན་པ་ལས་ཁྱིམ་ཚང་ནང་ལ་འཇོག་དགོས་ནའང་པོད་ཁ་གྲངས་མང་བའི་ཧ་ཅང་གི་དཀའ་ངལ་ཡོད་ལ། དེ་བཞིན་བླུ་ཡོན་ཞུ་དགོས་དྲན་ནའང་མི་དམངས་ཉམས་ཆུང་གི་བླུ་ཡོན་ཞུ་ཁག་པོ་ཡོད། དེ་བཞིན་དོན་གཉེར་ཅན་ཞིག་གི་རྒྱལ་བའི་བཀའ་བསྟན་བཀླག་དགོས་དྲན་ནའང་དགོན་པ་ནས་གཡར་དགོས་པ་རེད། ད་ནི་དེ་འདྲ་དཀའ་ངལ་ཅི་ཡང་མེད་པའི་ཐོག་ནས་ལག་ཐོག་ཁ་པར་ཞིག་ཡོད་ཕྱིན་ཆད་རང་ཉིད་བཀའ་བསྟན་གཉིས་ནང་ནས་གཞུང་ཚན་ག་རེ་བལྟ་དགོས་ན་བཀླག་ཆོག་ཆོག་གསར་བཟོ་གནང་འདུག

དེ་ནི་དེ་དག་ལ་མཆོད་པ་འབུལ་ནས་ལྷ་ཁང་དུ་བཞག་པ་ཙམ་ཞིག་མ་ཡིན་པ་དེ་དག་ལ་རང་རེའི་རྒན་དར་གཞོན་གསུམ་གྱི་དུས་ཚོད་ནམ་ཁོམ་ལ་སློབ་དེབ་ལྟ་བུ་ཞིག་ལ་ངོས་འཛིན་གྱིས་ལྟ་ཀློག་གནང་དགོས་ཚུལ་རྒྱལ་བ་རིན་པོ་ཆེས་གལ་པོ་ཆེ་ལ་ནན་ཏན་གྱི་ཐོག་ནས་བཀའ་སློབ་རབས་དང་རིམ་པ་གནང་ཡོད། དེ་འདྲའི་རིན་ཐང་བྲལ་བའི་བཀའ་སློབ་དེ་དག་ཡིད་ལ་བཟུང་ནས་དཔལ་རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་དེང་རབས་འཕྲུལ་ཆས་འཕེལ་རྒྱས་དང་བསྟུན་ནས་རྒྱལ་བའི་བཀའ་བསྟན་མཚོན་ཆོས་བརྒྱུད་ཁག་གི་གསུང་འབུམ་བཅས་མཉེན་ཆས་ལམ་ནས་ལྟ་ཀློག་ཐུབ་པ་རིན་མེད་ཀྱི་ཐོག་ནས་ཆོས་སྦྱིན་བྱ་བ་རླབས་ཆེན་ཞིག་མཛད་འདུག་ཅིང་། དེ་འདྲའི་བྱ་བ་རླབས་ཆེན་དེ་དེང་སྐབས་བོད་ཀྱི་བླ་ཆེན་སུ་ཞིག་གི་མཛད་མ་ཐུབ་པ་ཞིག་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་མཛད་འདུག་ཅིང་། དེས་བོད་མི་རིགས་ཙམ་མ་ཟད་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཡོངས་ལ་ལེགས་སྐྱེས་བླ་ན་མེད་པ་ཞིག་གནང་འདུག །དེ་དག་མཐོང་མ་ཐག་དགའ་བ་འབུམ་གྱིས་སྨྱོས་ཤིང་། ཁོང་གི་དེ་འདྲའི་ལས་དོན་རླབས་ཆེན་དེར་གློ་སྙིང་བྲང་གསུམ་ནས་བཀའ་དྲིན་བླ་མེད་ཆེ་ཞུ་བར་འདོད། ལྷག་པར་བཀའ་བསྟན་གཉིས་ལ་པོད་སུམ་བརྒྱ་ལྷག་ཡོད་ཅིང་། དེ་དག་ནང་ནས་སངས་རྒྱས་ཀྱི་གསུང་ཤོ་ལོ་ཀ་གཅིག་འཚོལ་དགོས་ན་ཟླ་བ་མང་པོ་འགོར་འགྲོ་བ་ནི་འབྲེལ་བརྗོད་མ་དགོས། ད་རེས་ཀྱི་མཉེན་ཆས་ནང་ནས་རྒྱལ་བའི་བཀའ་ཞིག་འཚོལ་དགོས་ན། ལས་སླ་པོའི་ཐོག་ནས་འཚོལ་ཐུབ་ཀྱི་འདུག་པའི་དེ་འདྲ་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་གསར་བསྐྲུན་གནང་འདུག་ཅིང་། ང་ལྟ་བུ་ཞིག་ལ་མཚོན་ན་ཧ་ཅང་གི་ཕན་ཐོགས་རླབས་ཆེན་འདུག་ལ། དེ་བཞིན་བཀའ་བསྟན་ལ་ཞིབ་འཇུག་གནང་མཁན་རེད། བཀའ་བསྟན་ལ་དོ་སྣང་གནང་ནས་ཀློག་མཁན་ཡིན་ན་རེད། ཚང་མར་ཧ་ཅང་གི་ཕན་ཐོགས་རླབས་ཆེན་ཡོང་གི་ཡོད་པ་ནི་འབྲེལ་བརྗོད་མ་དགོས་སོ། དངོས་གནས་རིན་པོ་ཆེ་བཀའ་དྲིན་ཆེ་གནང་། ཁྱེད་རྨད་བྱུང་གི་ལེགས་སྐྱེས་དེ་དག་གིས་ཡུལ་གངས་ཅན་པ་རྣམས་བློ་བ་དགའ། ༸སྐྱབས་མགོན་ཐམས་ཅད་མཁྱེན་པ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་ཚེ་བརྟན་ཞིང་། མཛད་འཕྲིན་རྒྱས་པར་སྨོན་ནོ། ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢ ཉིན་མོར་ཕུལ།