རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུར་ངོ་རྒོལ།

ཉེ་ཆར་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་རྒྱ་ནག་གིས་པན་ཆེན་ཞེས་འབོད་པའི་རྒྱལ་མཚན་ནོར་བུ་ཟླ་འདིའི་ཚེས་༡༤ ནས་༡༧ བར་བལ་ཡུལ་གྱི་ལུམ་བི་ནིར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་པའི་ལྷན་ཚོགས་ཐེངས་༩ པའི་ཐོག་མཉམ་ཞུགས་བྱེད་རྒྱུའི་གནས་ཚུལ་ཐོན་པར་བོད་མི་སྒེར་དང་ཚོགས་པ་ཁག་གིས་ངོ་རྒོལ་བྱེད་བཞིན་འདུག  

པར། བོད་རང་བཙན་སློབ་ཕྲུག་ཚོགས་པ།

རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ལྷན་ཚོགས་དེའི་ཐོག་ཡོང་རྒྱུའི་གནས་ཚུལ་དང་འབྲེལ། ཟླ་འདིའི་ཚེས་༡༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གལ་སྲིད་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་འཛུལ་ཞུགས་བྱེད་དུ་བཅུག་ཚེ། བལ་ཡུལ་གཞུང་གིས་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལྡན་པའི་ཆོས་ལུགས་འཆམ་མཐུན་དང་། ལྷག་པར་ནང་པའི་ལྟ་གྲུབ་དང་འབྲེལ་བའི་ཐད་འགལ་བ་འགྲོ་བཞིན་ཡོད། དེ་འདྲའི་འཚམས་གཟིགས་གང་འདྲ་ཞིག་ཡིན་རུང་བལ་ཡུལ་གཞུང་གིས་འཕྲལ་སེལ་ཆབ་སྲིད་ཀྱི་ཁེ་ཕན་གྱི་ཆེད་དུ། རྒྱ་ནག་གིས་ཆོས་ཕྱོགས་ལས་དོན་ཐད་ཐེ་བྱུས་བྱེད་པར་ངོས་ལེན་བྱེད་པ་ནི་ང་ཚོའི་ངོས་ནས་ངོས་ལེན་རྩ་བ་ནས་མེད་ཅེས་རྒྱ་གཞུང་གིས་བོད་མིའི་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཐེ་བྱུས་བྱེད་པ་དེར་བལ་ཡུལ་སྲིད་གཞུང་ནས་ངོས་ལེན་མི་གནང་རྒྱུའི་གསར་འགོད་གསར་བསྒྲགས་ཤིག་སྤེལ་སོང་།
དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༡༣༩ ཡི་མཚན་རྟགས་བསྡུ་རུབ་བྱས་ནས་འཛམ་གླིང་གང་སར་དུ་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་ཁང་ལ་ཕུལ་ནས་རྒྱལ་མཚན་ནོར་བུ་བལ་ཡུལ་ལ་ཡོང་རྒྱུར་ངོ་རྒོལ་བྱས་འདུག ཡང་དྲྭ་ཐོག་ནས་བོད་མི་ཁག་ཅིག་གིས་རྒྱལ་མཚན་ནོར་བུ་གང་དུ་བསླེབས་ཀྱང་ཁོ་བོད་མི་ཞིག་ཡིན་པས་ངོ་རྒོལ་དང་དགའ་བསུ་གཉིས་ཀར་བྱེད་དགོས་མ་རེད་ཟེར་མཁན་དང་།  ངོ་རྒོལ་བྱེད་དགོས་ཟེར་མཁན། དེ་བཞིན་རྒྱལ་མཚན་ནོར་བུའི་མིང་གི་མགོར་རྒྱ་ནག་གི་པན་ཆེན་དང་པན་ཆེན་རྫུན་མ་སོགས། མདོར་ན་པན་ཆེན་གྱི་མཚན་ཙམ་སྦྱར་བར་ནོར་འཁྲུལ་ཡིན་པས་རྒྱལ་མཚན་ནོར་བུ་རང་དུ་འབོད་དགོས་ཞེས་སོགས་བསམ་ཚུལ་སྣ་ཚོགས་རྗོད་བཞིན་འདུག

ཕྱི་ཚེས་༡༢ ཉིན་(Kathmandu post)ཀ་ཏ་མན་ཌུའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་ལ། བལ་ཡུལ་ནི་ཆོས་ལུགས་ཀྱི་གནད་དོན་ཐད་བར་གནས་ཀྱི་ལངས་ཕྱོགས་འཛིན་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པས། རྒྱ་ནག་གི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུར་ངོས་ལེན་མེད་ཅེས་པའི་ལན་འདེབས་བྱས་ཡོད་ཚུལ་དང་། དེ་བཞིན་རྒྱ་ནག་གཞུང་གི་རྒྱབ་རྟེན་ཡོད་པའི་ཆོས་ལུགས་མི་སྣ་སུ་ཡང་བལ་ཡུལ་ནང་ཡོང་འཇུག་གི་མེད་ཅེས་བརྗོད་ཡོད་པའི་གནས་ཚུལ་བཀོད་འདུག

ཉིན་ཤས་སྔོན་རྒྱ་ནག་གིས་པཎ་ཆེན་ཞེས་མིང་བཏགས་པའི་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུ་ཡིན་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གི་ནང་གནས་ཚུལ་སྤེལ་ཡོད་ཀྱང་། བལ་ཡུལ་དང་རྒྱ་ནག་གཞུང་གཉིས་ཀས་དེ་དངོས་ཡོད་གནས་ཚུལ་ཡིན་མིན་གང་ཡང་འགྲེལ་བརྗོད་བྱས་ཡོད་མི་འདུག ལུམ་བི་ནིའི་ཡར་རྒྱས་དགེ་རྩ་ཚོགས་པའི་འགན་འཛིན་(Lyarkal Lama)་ཡིས། རྒྱལ་མཚན་ནོར་བུ་འདས་པའི་ལོ་བཅུའི་གོང་ནས་བལ་ཡུལ་དུ་ཕེབས་རྒྱུར་འབད་བརྩོན་བྱས་ཡོད་པ་དང་། ཁོང་ནི་དབང་ཤུགས་ཅན་གྱི་མི་སྣ་ཞིག་ཡིན་པས་བལ་ཡུལ་སྲིད་གཞུང་གི་ཆོག་མཆན་མེད་པར་ཡོང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
དེ་བཞིན་བལ་ཡུལ་གཞུང་གི་ལྷན་ཁང་འདྲ་མིན་གྱི་དཔོན་རིགས་གསུམ་ནས་གོང་ཞུས་གསར་ཁང་ལ་བརྗོད་དོན། རྒྱ་ནག་གི་པཎ་ཆེན་ཕྱི་ཟླ་༡༢པའི་ཟླ་དཀྱིལ་ཙམ་ལ་བལ་ཡུལ་དུ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་རྗེས། བལ་ཡུལ་གྱི་ཕྱི་འབྲེལ་སྡེ་ཚན་ཁག་ཅིག་གི་ནང་ཛ་དྲག་གནས་སྟངས་བྱུང་ཡོད་པ་རེད་ལ། བལ་ཡུལ་གྱི་ནང་སྲིད་དང་ཡུལ་སྐོར་ལྷན་ཁང་གི་དཔོན་རིགས་ཚོས་རྒྱ་ནག་ཁྲིན་ཏུའུ་ནས་ལུམ་བི་ནིར་འཕུར་མཁན་འགྲུལ་པའི་མིང་ཐོར་ཞིབ་བཤེར་བྱེད་སྐབས་རྒྱལ་མཚན་ནོར་བུའི་མིང་མེད་སྐོར་བརྗོད་འདུག ཐེངས་འདིིའི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་བཏང་བའི་གྲྭ་པ་༢༢༧ དང་ལས་བྱེད་སོགས་མི་མང་པོ་ཡོང་འཆར་ཡོད་འདུག་པས། གཅིག་བྱས་ན་ཁོ་ལ་མིང་གཞན་དང་ཕྱི་བསྐྱོད་ལག་ཁྱེར་མི་འདྲ་བ་ཡོད་སྲིད་ཀྱང་། དེ་རིགས་སྤྱད་ནས་བལ་ཡུལ་ལ་ཡོང་ན་རྒྱལ་ཁབ་གཉིས་བར་ཆབ་སྲིད་ཀྱི་གནད་དོན་ལྷག་རྒྱུ་ཡིན་པ་སོགས་ཀྱི་གནས་ཚུལ་འཁོད་འདུག བལ་ཡུལ་གྱི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་བལ་ཡུལ་ཕྱི་སྲིད་ལྷན་ཁང་ནས་འདྲི་དུས་གཞུང་ཚབ་ནས་རྒྱ་ནག་གི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་མིན་ཚུལ་བརྗོད་པ་(Kathmandu post)གསར་ཁང་གིས་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས། བློ་བཟང་རྒྱ་མཚོ།