རྒྱལ་མཚན་ནོར་བུས་ཞིས་དང་ཐུག་འཕྲད་བྱས་པ་དེས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་འཛམ་གླིང་གི་བློ་འཚབ་དེ་བསྐྱར་གླེང་བྱེད་པར་རོགས་རམ་བྱས་ཡོད།

རྒྱ་གར་གྱི་ས་ཁམས་ཆབ་སྲིད་ཀྱི་མཁས་པ་དང་སློབ་དཔོན་ཆེན་མོ་ཞིག་གིས་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གཞུང་གིས་པཎ་ཆེན་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་གཉིས་ཐུག་འཕྲད་བྱས་པ་དེས། འཛམ་གླིང་གི་དུས་ཡུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་པ་སྟེ། ༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་གར་སོང་ཆ་མེད་དུ་གྱུར་པའི་སྐོར་ལ་འཛམ་གླིང་ཡོངས་ཀྱི་བློ་འཚབ་དེ་སླར་ཡང་གླེང་སློང་བྱེད་པར་རོགས་རམ་བྱས་ཡོད་ཅེས་བརྗོད་འདུག

པར། SRI LANKA CAMPAIGN

ཟླ་འདིའི་ཚེས་༩ ཉིན། ཀྲུང་གོའི་བོད་ལྗོངས་ཟེར་བའི་དྲྭ་བའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༦ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་ནག་གིས་པཎ་ཆེན་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་གཉིས་ཀྲུང་ནན་ཧའེ་རུ་ཐུག་འཕྲད་བྱས་ཤིང་། སྐབས་དེར་ཞི་ཅིན་ཕིང་གིས་རྒྱལ་མཚན་ནོར་བུ་ལ་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་སོགས་བརྗོད་འདུག

རྒྱལ་མཚན་ནོར་བུས་ཀྱང་། ཀྲུང་གོ་གྲུང་ཁྲན་ཏང་གི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། དེ་བཞིན་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

གནས་ཚུལ་དེ་དང་འབྲེལ། ཟླ་འདིའི་ཚེས་༩ ཉིན། དགུང་ལོ་༦༣ ཡིན་པའི་རྒྱ་གར་གྱི་ས་ཁམས་ཆབ་སྲིད་ཀྱི་མཁས་པ་དང་སློབ་དཔོན་ཆེན་མོ་བྷྲ་མ་ཅེ་ལ་ནེ་༼Brahma Chellaney༽ ཡིས་ཨིག་སི་དྲྭ་ཐོག་ཏུ། ལོ་ངོ་བཅུ་ཕྲག་གསུམ་གྱི་གོང་དུ། རྒྱ་ནག་གཞུང་གིས་དགུང་ལོ་དྲུག་ལ་སོན་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ། ཁོང་གི་ཚབ་ཏུ་པཎ་ཆེན་རྫུན་མ་ཞིག་བསྐོ་བཞག་བྱས་ཡོད། བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་ཞི་ཅིན་ཕིང་གིས་པཎ་ཆེན་རྫུན་མ་དེར་ཐུག་འཕྲད་བྱས་པ་དེས། འཛམ་གླིང་གི་དུས་ཡུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་པ་སྟེ། ༧པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་པའི་སྐོར་ལ་འཛམ་གླིང་ཡོངས་ཀྱི་བློ་འཚབ་དེ་སླར་ཡང་གླེང་སློང་བྱེད་པར་རོགས་རམ་བྱས་ཡོད་ཅེས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱལ་མཚན་ནོར་བུ་བར་གྱི་ཐུག་འཕྲད་དེ་ནི་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་ལ་ཉེ་བའི་མཚམས་དེར་ཆགས་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ འགྲོ་བཞིན་པའི་དུས་སྐབས་སུའང་ཆགས་འདུག།།

གནས་ཚུལ་དེ་དང་འབྲེལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ཀྱིས། ད་རེས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་སྤེལ་བའི་གནས་ཚུལ་གྱི་འགོ་བརྗོད་ལ་གཞིགས་ན། ཞི་ཅིན་ཕིང་གིས་རྒྱལ་མཚན་ནོར་བུས་མཇལ་ཞུ་ལ་དང་ལེན་བྱས་པ་ཞེས་འཁོད་ཡོད་པ་དེ་ནི། ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་གུང་ཁྲན་ཏང་གི་སྲིད་གཞུང་དེ་ཉིད་མཐོ་བ་དང་བོད་བརྒྱུད་ནང་བསྟན་མཚོན་པའི་༸པཎ་ཆེན་དུ་གྲགས་པའི་རྒྱལ་མཚན་ནོར་བུ་ནི་དམའ་བ་ཡིན་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་པ་དང་།

ལྷག་པར་འདི་ལོ་༸སྐུའི་གོ་སྟོན་སླེབས་ལ་ཉེ་བ་ཡིན་སྟབས། བོད་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་ཤུགས་ཆེ་བྱེད་བཞིན་པ་ནི་༸རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་དེ་ཡིན་པར། རྒྱ་ནག་གི་ཕྱོགས་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་བཙན་ཤེད་བརྒྱུད་སྲིད་གཞུང་གི་ཆོག་མཆན་དང་ཁ་ལ་ཉན་དགོས་པ་དང། གསེར་བུམ་དཀྲུག་འདོན་གྱི་ཆ་རྐྱེན་སོགས་སྐྲུན་གྱི་ཡོད་པ་མ་ཟད། དེའི་ཐོག་བོད་ཀྱི་སྲོལ་རྒྱུན་ལམ་ལུགས་ལ་དམ་བསྒྲགས་དང་༸རྒྱལ་བས་ངོས་འཛིན་མཛད་པའི་༸པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་རྗེས། སྲིད་གཞུང་གི་དགོས་མཁོ་བཞིན་དབང་ཡོད་ཀྱིས་གསེར་བུམ་དཀྲུགསཏེ། དབང་ཆ་དང་དྲག་པོའི་སྟོབས་ཤུགས་མཚོན་བྱེད་རྒྱལ་མཚན་ནོར་བུ་འདི་བཞིན་ལག་ཆ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།