རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ཞི་བའི་ངོ་རྒོལ་གནང་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་༥༩ པའི་ཉིན་དང་པོར། རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ཞི་བའི་ངོ་རྒོལ་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༡༦ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་༥༩ པ་འགོ་འཛུགས་གནང་བ་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གཙོས་པས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞི་བའི་ངོ་རྒོལ་གནང་འདུག

སྐབས་དེར་ལས་འགུལ་ནང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་དང་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ། རྒྱ་རིགས་ཡེ་ཤུ་ཆོས་ལུགས་པ་བླ་མེད་ཀྱི་དཀོན་མཆོག༼The Church of Almighty God༽ དང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཚོགས་༼Association for the Defense of Human Right and Religious Freedom༽ རྒྱ་རིགས་ཚོགས་པ་དང་བོད་མི་སོགས་ཁྱོན་བསྡོམས་མི་གྲངས་༡༢༠ ཙམ་མཉམ་ཞུགས་གནང་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ནས་རྒྱ་ནག་གཞུང་གིས་བོད་ཐོག་བཙན་འཛུལ་བྱས་ཏེ་མི་ལོ་༧༠ ཙམ་འདས་ཀྱང་། བོད་ནང་གི་བོད་མི་རྣམས་ཀྱིས་དུས་ད་ལྟའང་སྡུག་བསྔལ་མུ་མཐུད་མྱངས་དང་མྱོང་བཞིན་ཡོད་པ་དང་། རྒྱ་གཞུང་གི་གཉའ་གནོན་དེ་བོད་མི་ཙམ་དུ་མ་ཟད། ཡུ་གུར་བ་དང་རྒྱ་རིགས་ཡེ་ཤུའི་ཆོས་ལུགས་པ་རྣམས་ལའང་ཁྱབ་ཡོད་པ། རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་པར་ཉེན་བརྡ་བཏང་ཡོད་འདུག

དེ་བཞིན་ཁོང་གིས་རྒྱ་གཞུང་གི་འབད་བརྩོན་དེ་དག་གི་དམིགས་ཡུལ་ནི། འཛམ་གླིང་ཡོངས་སུ་རྒྱ་གཞུང་དང་བསམ་ཚུལ་མི་མཐུན་པ་རྣམས་ཀྱི་ཁ་འགོག་རྒྱུ་དང་། ལས་འགུལ་བ་དང་བཙན་བྱོལ་བ་ཚོར་འཇིགས་སྐུལ་བྱེད་རྒྱུ་ཡིན་པར་བརྗོད་འདུག

གཞན་ཡང་ཁོང་གིས་ནང་མི་དང་ཁ་བྲལ་དུ་བཏང་ཞིང་། གཏན་འཇགས་སློབ་གྲྭའི་ནང་དུ་ཡོད་པའི་བོད་ཕྲུག་ཚོ་ལ་དམར་ཤོག་གི་ལྟ་བ་བཙན་འཛུལ་བྱེད་བཞིན་ཡོད་པས། དེས་ཕྲུ་གུ་ཚོའི་བོད་པའི་ངོ་བོ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། བོད་ཀྱི་རིག་གཞུང་དང་ཆོས་ལུགས་རྩ་མེད་འགྲོ་ཉེན་ལ་སེམས་འཚབ་ཆེན་པོ་ཡོད་པ་མ་ཟད། ཁོང་གིས་རྒྱ་གཞུང་གིས་དགོན་སྡེ་ཁག་ལ་ཚོད་འཛིན་བྱེད་པ་དང་། ལྷག་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལོ་ངོ་༣༠ རིང་གར་སོང་ཆ་མེད་དུ་གྱུར་པ་བཅས། རྒྱ་གཞུང་གིས་ཆོས་ལུགས་ལ་ཐེ་བྱུས་དང་བོད་མི་རྣམས་ཀྱིས་ཆོས་ལུགས་ཀྱི་ཐོག་དྲག་གནོན་མྱོང་བཞིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།