རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་༥༥ ཐོག་བོད་དོན་གླེང་སློང་བྱས་འདུག

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཚོགས་ཀྱིས་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་འདུག་ཅེས་བརྗོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༥ པ་དེ་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ལ་འཚོགས་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༤ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་(Volker Turk)་གྱིས་ཚོགས་ཐོག་ཏུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་སྐོར་སྙན་སེང་ཞུ་བའི་སྐབས། ཁོང་གིས་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཉེས་མིང་ཁ་གསལ་མེད་པའི་ཐོག་འཛིན་བཟུང་བྱས་པའི་ཁེ་དབང་སྲུང་སྐྱོབ་པ་དག་བཙོན་གྲོལ་གཏོང་དགོས་ཞེས་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་གཞན་དག་གིས་བཅའ་ཁྲིམས་དང་སྲིད་བྱུས་སོགས་དང་འབྲེལ་བའི་གྲོས་འགོ་བཏོན་པ་དག་རྒྱ་གཞུང་གིས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲྭ་ངོས་སུ་བལྟས་ན། ད་ལྟའི་ཆར་ཨུ་རུ་སུ་དང་ཡུག་རེན་གྱི་གནད་དོན་དང་། ཧ་མ་སིའི་དམག་འཁྲུག་དང་སི་རི་ཡའི་ནང་གི་ཟིང་འཁྲུག་སོགས་འཛམ་གླིང་ཁྱོན་ཡོངས་ལ་རྩོད་རྙོག་༥༥ ཐོན་བཞིན་ཡོད་པར་བརྟེན། ད་ལྟའི་ཆར་ཡུལ་གྱར་དུ་སོང་བ་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེས་ནི་སྔར་བྱུང་མ་མྱོང་བའི་གཞི་ཁྱོན་ཞིག་ཏུ་སླེབས་ཡོད་པ་དང་། རྩོད་རྙོག་དེ་དག་གིས་ས་ཁུལ་སོ་སོ་དང་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་འདུག

སྤྱིར་ལོ་འདིའི་ཟླ་༡ ་ཚེས་༢༣ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ལ་རྒྱལ་ཁབ་༡༦༡ ་གི་སྐུ་ཚབ་མཉམ་ཞུགས་ཐོག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་༢༠ ཡིས་བོད་དོན་གླེང་སློང་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།