རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཀྱིས་བོད་ནང་གི་ས་ཆ་ཁ་ཤས་སྣང་མེད་དུ་བཏང་འདུག

པར། བོད་མིའི་སྒྲིག་འཛུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཝོལ་ཀར་ཊར་ཀིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༥༧ ཐོག་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ལ་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཡོད་ཅེས་གསུངས་ནས་ཀན་སུའུ་དང་མཚོ་སྔོན། དེ་བཞིན་ཟི་ཁྲོན་སོགས་སུ་དཀའ་སྡུག་མྱོང་མཁན་བོད་མི་རྣམས་སྣང་མེད་དུ་བཏང་ཡོད་འདུག

ཟླ་འདིའི་ཚེས་༣ ཉིན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཝོལ་ཀར་ཊར་ཀི་(Volker Turka) ཡིས་རྒྱལ་ཚོགས་ཀྱི་ཚོགས་འདུ་ཐེངས་༥༨ པའི་ཚོགས་ཐོག་ཏུ། འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསུང་བཤད་སྐར་མ་༢༠ ཙམ་གནང་བའི་ནང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་བཅས་ལ་མུ་མཐུད་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཡོད་ཅེས་གསུངས་ཡོད་འདུག་ལ།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགས་གནས་ཚུལ་སྤེལ་གསལ་ལྟར་ན། ཝོལ་ཀར་ཊར་ཀི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་པ་ནས་བཟུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་དམ་དྲག་བྱེད་པའི་ཐོག་སེམས་འཚབ་ཡོད་པའི་སྐད་ཆ་བཤད་པ་ཐོག་མ་དེ་ཡིན་པས་མདུན་དུ་བསྐྱོད་པའི་གོམ་པ་ཆེན་པོ་ཞིག་སྤོས་ཡོད་ན་ཡང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་གི་གནས་སྟངས་ཙམ་ལས། རྒྱ་ནག་གི་བཙན་དབང་འོག་ཏུ་ཡོད་པའི་ཟི་ཁྲོན་དང་། མཚོ་སྔོན། ཀན་སུའུ། ཡུན་ནན་ཞིང་ཆེན་ཟེར་བ་བཅས་སུ། རྒྱ་ནག་གི་སྲིད་བྱུས་འོག་དཀའ་སྡུག་དང་དྲག་གནོན་མྱོང་མཁན་གྱི་བོད་མི་རྣམས་སྣང་མེད་དུ་བཏང་ཡོད་པར་བརྗོད་འདུག།

དེ་བཞིན་ཧོང་ཀོང་དང་འབྲེལ། ཁོང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ལག་བསྟར་སོགས་ནི་སྤྱི་ཚོགས་ལ་དམ་དྲག་དང་། ཆབ་སྲིད་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པར་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། ཁྲིམས་ལུགས་དེ་དག་ནི་དམིགས་བསལ་རང་སྐྱོང་ས་ཁུལ་ནང་གི་སྨྲ་བརྗོད་རང་དབང་དང་བསམ་བརྗོད་རང་དབང་ལ་དམ་དྲག་བྱེད་པའི་ཆེད། མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་སྐད་ཆ་རྣམས་འགོག་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པའི་སྐོར་ནན་བརྗོད་བྱས་ཡོད་འདུག

གཞན་ཡང་ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས་ཐོག ཁོང་གིས་རྒྱལ་སྤྱིའི་ངལ་རྩོལ་ལས་ཁུངས་ཀྱིས་ཉེ་ཆར་སྤེལ་བའི་སྙན་ཐོ་ཞིག་ལུང་འདྲེན་གནང་ནས། དེའི་ནང་ས་གནས་དེར་དྲག་སྤྱོད་རིང་ལུགས་ལ་གདོང་ལེན་བྱེད་པའི་ཐབས་ལམ་དང་ངལ་རྩོལ་ལས་གཞི་ཁག་ལ་ཞིབ་འཇུག་བྱས་ཡོད་པ། ཤར་ཏུར་ཀི་སི་ཐན་ནང་། རུ་ཧྲེའུ་མི་རིགས་དང་གྲངས་ཉུང་མི་རིགས་གཞན་པ་ཚོར་མུ་མཐུད་ལམ་ལུགས་དང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་དག་དང་འབྲེལ། རྒྱལ་ཚོགས་ཀྱི་རྒྱུན་རིང་རྒྱབ་གཉེར་ཁག་ལ་རྒྱ་ནག་གིས་གདོང་ལེན་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་། འགན་འཁྲི་དང་མདུན་སྐྱོད་ཡོང་བར་ངེས་བརྟན་བཟོ་ཆེད། རྒྱལ་སྤྱིས་དོ་སྣང་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།