རྒྱལ་ཚོགས་སྐུ་ཚབ་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དབུལ་ཕོངས་རྟོག་ཞིབ་ཆེད་ཀྱི་སྐུ་ཚབ་ཅིག་གིས། རྒྱ་གཞུང་གིས་ཁོང་གི་ལས་ཀ་ལ་ཐེ་བྱུས་བྱས་པའི་སྐྱོན་བརྗོད་བྱས་འདུག

Kunཟླ་འདིའི་ཚེས་༢༣ ཉིན་རེའི་ཊོར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨ་རིའི་ནེའུ་ཡོག་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་རིགས་པའི་སློབ་དཔོན་སྐུ་ཞབས་ཧྥེལ་ཨེལ་སེ་ཊོན་གྱིས་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་བླངས་བྱས་ནས་རྒྱ་ནག་ཏུ། ཉིན་དགུའི་རིང་འགྲོ་བ་མིའི་ཐོབ་ཐང་དང་དབུལ་ཕོངས་ཀྱི་གནས་སྟངས་སྐོར་རྟོག་ཞིབ་བྱས་འདུག་པ་དང་། ཁོང་ཕྱིར་འབྱོར་རྗེས་གསར་འགོད་པ་ཚོར། ཁོང་གི་དེ་སྔོན་ནས་ཐུག་འདོད་ཡོད་པའི་ཤེས་ཡོན་པ་ཁག་ཅིག་གི་སྐོར་རྒྱ་གཞུང་ལ་སྙན་སེང་ཞུས་ཡོད་ཀྱང་། རྒྱ་ནག་ལ་འབྱོར་དུས་མི་དེ་དག་དང་ཐུག་འཕྲད་བྱེད་རྒྱུ་བྱུང་མེད་པ་མ་ཟད། ཁོང་གིས་མི་དེ་དག་དང་འབྲེལ་བ་བྱས་པས། རྒྱ་གཞུང་གིས་ཁོ་ཚོར་དུས་ཚོད་དེའི་རིང་ས་གནས་གཞན་ལ་གུང་སེང་འགྲོ་དགོས་སྐོར་བརྗོད་པ་ཤེས་རྟོགས་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཁོང་གིས་མུ་མཐུད་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོ་ས་གནས་གང་དུ་ཕྱིན་ཡང་། མི་སུ་དང་ཐུག་མིན། ས་གནས་གང་དུ་འགྲོ་མིན་གྱི་རང་དབང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག དེ་བཞིན་རྒྱ་གཞུང་གིས་ཀོན་མིང་Kunming གྲོང་ཁྱེར་

གྱི་ལྷོ་ནུབ་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་དཔེ་སྟོན་གྲོང་གསེབ་ཅིག་ལ་ཁྲིད་ནས། དེ་གར་གྲངས་ཉུང་མི་རིགས་ཁག་གི་གཞས་སྣ་འཁྲབ་སྟོན་བྱས་ནས་ངོ་སྤྲོད་བྱས་པ་ལས། ཤེས་ཡོན་དང་སྐད་ཡིག རིག་གཞུང་སོགས་སྲུང་སྐྱོབ་ཐོག་ལ་ངོ་སྤྲོད་བྱས་མེད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།