རྒྱལ་ཚོང་པ་དང་ནང་རུལ་པ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༥)

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡང་ཡང་བེད་སྤྱོད་བཏང་དང་གཏོང་བཞིན་པའི་“རྒྱལ་ཚོང་པ་”ཞེས་པའི་ཐ་སྙད་ཅིག་ཡོད་ལ། དོན་དུ་ཇི་ལྟར་གནས་ཡོད་མེད་ཀྱི་ཐོག་ལ་དེ་ཙམ་བསམ་བློ་གཏོང་མཁན་ཡང་དཀོན་པོ་ཡིན་པར་སྣང་། སྐབས་རེ་བོད་མི་དཀྱུས་མ་ཞིག་དགྲ་བོ་རྒྱ་དམར་གཞུང་གི་ལས་ཀ་བྱེད་མཁན་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་གནས་ཚུལ་ཐོན་སྐབས་མི་དེར་རྒྱལ་ཚོང་པ་ཞེས་བརྗོད་པ་དང་། སྐབས་རེ་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་དང་སྡེ་ཚན་གང་རུང་ལ་ཆེད་དུ་མིང་ཤས་བཟོ་ཆེད་རྒྱལ་ཚོང་པ་རེད་ཅེས་འུད་སྒྲོག་བྱེད་སྲོལ་ཡང་དར་ཡོད། གང་ལྟར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཞན་ལ་སྡིག་དམོད་བྱེད་པའི་སྐབས་“རྒྱལ་ཚོང་པ་”དང་། “དམ་ཉམས་”ཞེས་པ་འདི་གཉིས་བེད་སྤྱོད་ཆེ་ཤོས་སུ་གྱུར་ཡོད། སྤྱིར་རྒྱལ་ཚོང་པ་ཞེས་པ་ནི་རྒྱལ་ཁབ་སོ་སོའི་ཆབ་སྲིད་ནང་དོ་སྣང་དགོས་པའི་གནད་དོན་ཞིག་དང་། དམ་ཉམས་ཞེས་པ་གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་བའི་མིག་ལྟར་སྲུང་སྐྱོབ་དགོས་པའི་གནད་དོན་གལ་ཆེ་ཞིག་ཡིན། བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་རྒྱལ་ཚོང་པ་ཞེས་བརྗོད་བདེ་པོ་དང་ཁ་ལ་གོམས་འདྲིས་སུ་གྱུར་ཡོད་ནའང་། དོན་དམ་པར་རྒྱལ་ཁབ་ཅིག་བཙོང་དགོས་ན་མི་དཀྱུས་མ་ཞིག་ལ་བཙོང་རྒྱུའི་དབང་ཚད་མེད་པ་དང་། བཙོང་རྒྱུའི་ཐབས་ཤེས་བྱས་ཀྱང་ནུས་པ་གང་ཡང་མེད་པ་མ་ཟད། དེ་ལ་རིན་དོད་སྤྲོད་མཁན་ཞིག་ཀྱང་ཕལ་ཆེར་མེད་ཚོད་རེད། རྒྱལ་ཚོང་པ་ཞེས་པ་ནི་མཐོ་རིམ་དཔོན་རིགས་ཀྱི་ནང་དུ་ཡོད་པ་ཞིག་ལས། མི་མང་དཀྱུས་མའི་ནང་ཡོང་མི་སྲིད་པ་ལྟ་བུར་གྱུར་ཡོད། དཔེར་ན་བཙན་བྱོལ་བོད་མི་དཀྱུས་མའི་ནང་རྒྱ་དམར་གཞུང་གི་འདོད་དོན་སྒྲུབ་མཁན་ཞིག་བྱུང་བར་མཚོན་ན། མི་དེ་ལ་“ནང་རུལ་པ་”ཞེས་བརྗོད་འོས་པ་ལས། རྒྱལ་ཚོང་པ་ཞེས་པའི་ཐ་སྙད་དེ་འཇུག་པོ་མེད། ཐ་སྙད་རེ་རེ་ལའང་གནད་དོན་གསེད་བཀྲོལ་བྱེད་པའི་ནུས་པ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད། རྒྱལ་ཚོང་པ་དང་ནང་རུལ་པ་ཞེས་པའི་ཐ་སྙད་འདི་གཉིས་ལ་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་ཡོད། གོང་དུ་སྤྱི་བཤད་ཙམ་ལས་བརྗོད་འདོད་པའི་གནད་དོན་དངོས་ནི། རྒྱ་དམར་དྲག་པོའི་གཞུང་གིས་བོད་ནང་ཙམ་མ་ཡིན་པར་འཛམ་གླིང་ཤར་ནུབ་ཀུན་ཏུ་བོད་དོན་འཐབ་རྩོད་ཀྱི་ནུས་པ་གཅོག་ཐབས་དང་། བོད་པ་ནང་ཁུལ་དུ་འགལ་ཟླ་ཆེད་བཟོ་བྱེད་པའི་ཐབས་ཤེས་མུ་མཐུད་བྱེད་བཞིན་འདུག དཔེར་ན་བོད་པ་མང་སའི་ས་གནས་ཁག་ཏུ་རྒྱ་དམར་གཞུང་ཚབ་ཁང་དུ་བོད་རིགས་ལས་བྱེད་པ་རེ་ཆེད་དུ་བསྐོ་འཇོག་བྱས་ཡོད་ལ། དེ་ནི་བཙན་བྱོལ་བོད་མི་རྣམས་མགོ་སྐོར་གཏོང་ཆེད་དུ་དམིགས་པ་ཞིག་རེད། དཔེར་ན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། སུད་སིའི་རྒྱལ་ས་བྷེན། རྒྱ་གར་གྱི་རྒྱལ་ས་ལྡི་ལི། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ལྟ་བུས་མཚོན་ས་གནས་གང་དུ་བོད་པ་མང་པོ་ཡོད་ན་དེར་བོད་རིགས་ལས་བྱེད་པ་རེ་གོ་སྒྲིག་བྱེད་བཞིན་འདུག འདི་དག་གི་བྱེད་སྒོ་ག་འདྲ་ཞིག་ཡིན་ཡང་རྣམ་པའི་ཐོག་ནས་ཕན་པ་འདྲ་པོར་སྣང་ཡང་། དོན་དུ་བེད་སྤྱོད་ལོག་པར་གཏོང་ཐབས་འབའ་ཞིག་ཏུ་གྱུར་ཡོད་པས། བཙན་བྱོལ་བོད་མི་རྣམས་དོགས་གཟབ་ཆེན་པོ་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱ་དམར་གྱི་གཞུང་ཚབ་ཁང་ཁག་གི་གོ་སྒྲིག་འོག་བོད་ཀྱི་ལོ་སར་སྲུང་བརྩི་བྱེད་པའི་རྣམ་པ་སྟོན་པ་དང་། སྐབས་དེར་བོད་ནས་གླུ་གར་ཚོགས་པ་འདྲ་མིན་སྐད་བཏང་ནས་བོད་ཀྱི་གཞས་སྣ་འཁྲབ་སྟོན་བྱེད་པ་དང་། ཕྱི་རྒྱལ་གྱི་གསོལ་མགྲོན་ཁང་ཆེ་ཁག་ཏུ་དགོང་ཚོགས་གོ་སྒྲིག་བྱས་ནས་བཙན་བྱོལ་བོད་མི་རྣམས་རིན་མེད་ཀྱིས་མགྲོན་འབོད་བྱེད་མཁན་ཡོད་འདུག་པ་མ་ཟད། དེ་ལ་ཆེད་དུ་བཅར་མཁན་གྱི་བོད་མིའང་མི་ཉུང་བ་རེ་ཡོད་འདུག ལྷག་པར་དུ་བལ་ཡུལ་གྱི་རྒྱལ་ས་རུ་མངོན་གསལ་དོད་པོའི་ཐོག་ནས་འགྲོ་མཁན་མང་པོ་ཡོད་པ་དང་། ལོ་ལྟར་མང་ནས་མང་དུ་འགྲོ་བཞིན་འདུག མཛད་སྒོ་དེ་ལྟ་བུར་བཅར་མཁན་ཚང་མའི་དམིགས་ཡུལ་དང་བསམ་ཚུལ་གཅིག་མཚུངས་ཡིན་མི་སྲིད་ནའང་། རྒྱ་དམར་གཞུང་གི་ལོག་པའི་དྲིལ་བསྒྲགས་ཀྱི་ལག་ཆར་འགྱུར་བཞིན་ཡོད་པ་ནི་གཅིག་མཚུངས་སུ་གྱུར་ཡོད་པས། བོད་མི་ཞིག་ཡིན་ཕྱིན་ཆད་ནས་གནད་དོན་ཆུང་ཙག་རེ་ལ་དམིགས་ནས་བོད་དོན་འཐབ་རྩོད་ལ་གནོད་པའི་ནང་རུལ་པ་ཞིག་བྱ་མི་རུང་བ་ནི་གལ་ཆེན་པོར་གྱུར་ཡོད། མདོར་ན་བོད་པའི་ཆབ་སྲིད་ཀྱི་འགན་ཁུར་ཡོད་མཁན་རྣམས་ཀྱིས་རྒྱལ་ཁབ་བམ་རྩ་དོན་བཙོང་མི་རུང་བ་དང་། བོད་མི་དཀྱུས་མ་རྣམས་ཀྱིས་གནས་སྐབས་ཀྱི་ཁེ་ཕན་ཉི་ཚེ་བ་རེ་ཟུང་ལ་དམིགས་ནས་ནང་རུལ་པ་བྱ་མི་རུང་བ་ནི་མི་རེ་ངོ་རེ་བཞིན་ཚང་མའི་སེམས་ནང་དུ་གྲ་སྒྲིག་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁ་ཤས་ཀྱིས་རྒྱ་དམར་གཞུང་དང་འབྲེལ་བ་བྱ་རྒྱུ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་ཡིན་ཟེར་མཁན་དང་། ཕྱི་སྡོད་བོད་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་རྒྱ་གཞུང་གི་གོ་སྒྲིག་འོག་བོད་ལ་བསྐྱོད་མཁན་ཡང་ཡོད་པ་སོགས་ཧ་ཅང་སྐྱུག་བྲོ་བའི་གནས་ཚུལ་མང་དག་ཅིག་གཅིག་རྗེས་གཉིས་མཐུད་དུ་ཐོན་བཞིན་འདུག་པས། མ་འོངས་པར་གནད་དོན་འདི་ནི་རྒྱ་དམར་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཁ་ཕྱོགས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པས། བོད་པའི་ངོས་ནས་ཀྱང་ཕ་རོལ་པོའི་གཡོ་བྱུས་འོག་གཏན་ནས་མི་ཚུད་པར་བྱས་ཏེ་དགྲ་གཉེན་མགོན་གསུམ་མ་ནོར་བའི་ཐོག་ནས་རྩ་དོན་འཐབ་རྩོད་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།།