རྒྱལ་ཞེན་སླར་གསོ་བྱེད་ཐུབ་བམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༧ ཕྱི་ལོ་ ༢༠༢༠/༠༡/༢༢
ད་ལྟའི་དུས་འདིར་འཛམ་གླིང་གི་ཁྱོན་ཡོངས་སུ་དམག་དོན་དང་། ཆབ་སྲིད། དཔལ་འབྱོར་བཅས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་། བོད་ཀྱི་འཐབ་རྩོད་ལ་མཚོན་ན་འགྱུར་ལྡོག་དེའི་ནང་འཕེལ་མེད་རང་སོར་དུ་གནས་ཡོད། ཕྱོགས་གཅིག་ནས་སྔོན་དང་མི་འདྲ་བར་རྒྱ་ནག་ལ་འགྱུར་བ་ཆེན་པོ་སོང་ཡོད་པ་དང་། ད་ལྟའི་ཆར་ཡང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་གནས་སྟངས་ལ་བརྟེན་ནས་ཡོང་གི་ཡོད་ལ། ཕྱོགས་གཅིག་ནས་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་ཀྱི་འགལ་འབྲེལ་ཐོག་ནས་དམག་འཁྲུག་གི་ཡོ་ལང་སྣ་ཚོགས་ཤིག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། མ་འོངས་པར་བོད་ཀྱི་འཐབ་རྩོད་ནི་གནད་དོན་འདི་དག་གི་ནང་ནས་གོ་སྐབས་གང་ཡོད་པ་དེ་ལེན་མ་ཐུབ་པར་གནས་ས་གཅིག་ཏུ་གནས་བསྡད་ན། རང་བཞིན་གྱིས་གྱོང་གུད་ཆེན་པོ་ཞིག་ཕོག་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་ད་ལྟའི་དུས་འདིར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ཆབ་སྲིད་ཀྱི་ཐོག་ལ་ནུས་པ་གང་ཡོད་པ་དེ་འདོན་མ་ཐུབ་ན། མ་འོངས་པར་གོ་སྐབས་དང་ནུས་པ་ད་ལྟ་ལས་ཀྱང་ཞན་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་མཚོན་ན་ད་ལྟ་ནུས་པ་ཆུང་ཤོས་ཀྱི་དུས་ཚོད་ལྟ་བུར་གྱུར་ཡོད་པ་དང་། ཚོགས་པ་ཁག་གནས་ཐུབ་ཐབས་ཙམ་ལ་འབད་པ་ལས། ཆབ་སྲིད་ཀྱི་ཐོག་ནས་ནུས་པ་ཞིག་འདོན་ཐུབ་པའི་འབད་བརྩོན་བྱེད་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཚོན་ན་འདས་པའི་ལོ་རྒྱུས་ནང་ཤུགས་རྐྱེན་དང་རེ་བ་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་ནའང་། ད་ལྟའི་ཆར་སྤྱི་ཚོགས་ཞབས་ཞུ་རེ་སྒྲུབ་ཐུབ་པ་ཙམ་ལས་ཆབ་སྲིད་ལས་འགུལ་གྱི་ཐོག་ནས་ནུས་པ་ཧ་ཅང་ཞན་དུ་སོང་ཡོད། ད་དུང་ཕྱོགས་གཅིག་ནས་བཤད་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ཞིག་སྤེལ་བའི་དབང་དུ་བཏང་ཡང་། དེ་ལ་མཉམ་ཞུགས་བྱེད་མཁན་གྱི་བོད་མི་ག་ཚོད་ཙམ་རག་གི་ཡོད་མེད་དེ་ཡང་ད་ལྟའི་ཆར་ཅུང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད། དེར་བརྟེན་མ་འོངས་པར་ཚོགས་པ་འདི་དག་སྲ་བརྟན་དང་ནུས་པ་ལྡན་པ་ཞིག་མ་ཡོང་ན། བོད་དོན་ཆབ་སྲིད་ཀྱི་འཐབ་རྩོད་ནི་མ་འོངས་པར་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད།
སྤྱི་ཡོངས་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ནའང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ལ་བརྟེན་ནས་གཞུང་གི་ལས་དོན་བྱེད་སྟབས་མི་བདེ་བ་མང་པོ་ཞིག་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བརྒྱུད་ནས་བྱེད་ཐུབ་ཀྱི་ཡོད། དེར་བརྟེན་རྒྱལ་ཁབ་མང་པོའི་སྲིད་གཞུང་ཁག་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་མཐུན་འགྱུར་དང་རོགས་རམ་མང་པོ་གནང་སྲོལ་ཡོད་པ་རེད། རང་བཙན་ཤོར་ཞིང་མིའི་ལུང་པར་སྐྱབས་བཅོལ་དུ་གནས་པའི་སྲིད་གཞུང་ཞིག་ལ་མཚོན་ན། གཞུང་འབྲེལ་གྱིས་བྱེད་མི་བདེ་བ་མང་པོ་ཞིག་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་བྱེད་ཐུབ་པ་ཡོད་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་རང་རང་སོ་སོའི་དམིགས་ཡུལ་དང་ལངས་ཕྱོགས་གཞིར་བཟུང་ཐོག བོད་ཀྱི་འཐབ་རྩོད་གཙོ་བོར་བརྩིས་ནས་ནང་ཁུལ་གྱི་སྲིད་དོན་ཐོག་ཐེ་བྱུས་མི་བྱེད་པར་གནས་ཐུབ་ན། སྐབས་རེ་བོད་མིའི་སྒྲིག་འཛུགས་ལས་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ནུས་པ་ཆེ་བ་འདོན་ཐུབ་པའི་གོ་སྐབས་ཀྱང་མང་པོ་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ནུས་པ་དང་། ཤུགས་རྐྱེན་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཅིག་ནི། ཚོགས་སྡེ་དེ་དག་གི་སྣེ་ཁྲིད་པ་རྣམས་ལ་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེ་ཡོད་པ་དང་། རང་ཚུགས་ཐུབ་པའི་ལངས་ཕྱོགས་དང་ལྟ་གྲུབ་བརྟན་པོ་ཞིག་མེད་པ་ལས་བྱུང་ཡོད་ལ། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ནང་རང་ཉིད་དང་ལངས་ཕྱོགས་མི་མཐུན་པའི་ཚོགས་སྡེ་ཁག་ལ་གཞུང་གི་གནད་ཡོད་མི་སྣ་དང་། དང་བླངས་རང་མོས་མགོ་ཁྲིད་དག་གིས་༧གོང་ས་མཆོག་གི་མཚན་བེད་སྤྱོད་ལོག་པར་བཏང་ནས་ནུས་པ་ཉམ་ཞན་དུ་གཏོང་ཐབས་བྱས་པ་ལ་བརྟེན་ནས་ཀྱང་ཡོང་གི་ཡོད། ཚོགས་སྡེ་ཁ་ཤས་ནི་འོས་བསྡུའི་སྐབས་སོགས་ནང་ཁུལ་གྱི་སྲིད་དོན་རྩོད་རྙོག་ནང་ཞུགས་རྒྱུ་མང་དྲགས་ནས། རང་ཁོངས་ཀྱི་ཚོགས་མི་རྣམས་དང་ཚོགས་པའི་བར་དུའང་རྒྱང་ཐག་རིང་དུ་སོང་ནས། ཚོགས་པ་ལ་ནུས་པ་དང་ཤུགས་རྐྱེན་ཆུང་དུ་འགྲོ་བཞིན་ཡོད། མདོར་ན་ད་ལྟའི་ཆར་བཙན་བྱོལ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་སྤྱི་ཡོངས་ནས་ནུས་པ་ཞན་དུ་འགྲོ་བཞིན་པའི་དུས་ཤིག་རེད།
མདོར་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནུས་པ་ཆུང་དུ་སོང་བ་དེ་ཚོད་ཀྱིས། རྩ་དོན་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་འགྲོ་བཞིན་ཡོད་ལ། མ་འོངས་པར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་ལ་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་ཉེན་ཡོད། བོད་ཀྱི་རྩ་དོན་འཐབ་རྩོད་ཆེད། བཙན་བྱོལ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་རང་དབང་ཆེ་རུ་གཏོང་དགོས་པ་མ་ཟད། དེ་དག་ལ་མཐུན་རྐྱེན་དང་གོ་སྐབས་ཀྱང་མང་དུ་གཏོང་དགོས། དེ་ལྟར་བྱེད་པ་ནི་རྩ་དོན་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བའི་ཐབས་ལམ་ཡག་ཤོས་དང་། མི་རེ་ངོ་རེ་བཞིན་སེམས་ཤུགས་ཆུང་བ་དེའི་ཚོད་ཀྱིས་རྩ་དོན་འཐབ་རྩོད་ཀྱི་ནུས་པ་ཆུང་དུ་འགྲོ་བཞིན་ཡོད་པ་དང་། གཞུང་གི་ལས་དོན་ནང་མི་ཚང་མ་ཞུགས་ཐུབ་ཐབས་མེད་པར། མི་མང་ཕལ་མོ་ཆེས་རྩ་དོན་འཐབ་རྩོད་ཆེད་ནུས་པ་དང་གོ་སྐབས་མང་དུ་གཏོང་བའི་བརྒྱུད་ལམ་ཡག་ཤོས་ནི། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཡིན་ཞིང་། ད་ལྟའི་ཆར་མི་རེ་ངོ་རེ་བཞིན་རྒྱལ་ཞེན་སླར་གསོ་བྱེད་ཐུབ་པའི་གོ་སྐབས་ཀྱང་གནད་དོན་འདི་ལ་ཐུག་ཡོད་སྙམ།།