རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱེད་འཆར་འདུག 

ལོ་སྔོན་མར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ་འཕར་འགྱངས་བྱེད་དགོས་བྱུང་ཡོད་ཀྱང་། ཐེངས་འདིར་ཟླ་༡༠ པའི་ནང་རྩེད་འགྲན་གོ་སྒྲིག་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག 

ཟླ་༩ པའི་ཚེས་༤ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ངོ་དེབ་ཐོག་ཏུ་གསལ་བསྒྲགས་སྤེལ་བར་གཞིགས་ན། ཟླ་༡༠ པའི་ཚེས་༡ ནས་༡༢ བར་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་དོན་གྲུབ་གླིང་དུ། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་༢༦ པ་དེ་གོ་སྒྲིག་བྱེད་རྒྱུ་གཏན་འཁེལ་བྱུང་ཡོད་པས། རྩེད་འགྲན་ནང་ཞུགས་མཁན་གྱི་རུ་ཁག་ཚང་མ་ཟླ་༩ པའི་ཚེས་༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥ པ་སྔོན་ལ་འབྱོར་ཐོ་འགོད་ཟིན་དགོས་པ། རྩེད་མོ་བ་དང་འགན་འཛིན་སོགས་འབྲེལ་ཡོད་ཚང་མར་ཏོག་དབྱིབས་ནད་དུག་མེད་པའི་བརྟག་དཔྱད་གྲུབ་དོན་(RT-PCR)དགོས་པ་དང་། སྔོན་འགོག་སྨན་ཁབ་དང་པོ་དེ་ངེས་པར་དུ་བརྒྱབ་ཟིན་པ་དགོས་ཀྱི་ཡོད་པའི་ཆ་རྐྱེན་བཏོན་འདུག 

དེ་ཡང་ཕྱི་ལོ་༢༠༢༠ ལོར་འཆར་གཞི་ལྟར་བྱས་ན་ཟླ་༥ པའི་ཚེས་༣ ཉིན་ནས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་ཡོད་པའི་བོད་མིའི་གཞིས་སྒར་དོན་གྲུབ་གླིང་དུ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་༢༦ པ་གོ་སྒྲིག་བྱེད་རྒྱུ་ཡིན་པ་དང་། རྩེད་འགྲན་ལ་དེབ་སྐྱེལ་བྱེད་མཁན་རུ་ཁག་༡༤ བྱུང་ཡོད་ཀྱང་། ཟླ་༣ པ་ནས་བཟུང་འཛམ་གླིང་གང་སར་དང་རྒྱ་གར་ནང་དུ་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པའི་རྐྱེན་གྱིས་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལོ་གཅིག་རིང་ཕར་འགྱངས་བྱས་ཏེ། ཕྱི་ལོ་༢༠༢༡ ལོའི་ཟླ་༥ པའི་ཚེས་༣ ཉིན་ནས་གོ་སྒྲིག་བྱེད་རྒྱུ་གསལ་བསྒྲགས་བྱས་ཡོད་པ་རེད་དེ། ཕྱི་ལོ་༢༠༢༡ ལོའི་ཟླ་༤ པའི་ནང་རྒྱ་གར་ཡོངས་སུ་ཏོག་དབྱིབས་ནད་དུག་གི་ནད་རླབས་གཉིས་པ་སླེབས་ནས་གནས་སྟངས་ཚབས་ཆེན་ཆགས་ཡོད་པས། སྔོན་བརྡ་མ་བཏང་བར་དུ་རྩེད་འགྲན་འཕར་འགྱངས་བྱེད་རྒྱུ་གསལ་བསྒྲགས་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གར་ནང་གནས་སྟངས་ཡག་ཏུ་ཕྱིན་ཡོད་པས་རྩེད་འགྲན་གོ་སྒྲིག་བྱེད་རྒྱུ་ཡིན་འདུག 

ཕྱི་ལོ་༢༠༡༩ ལོའི་ཟླ་༥ པའི་ཚེས་༣༡ ནས་ཟླ་༦ པའི་ཚེས་༡༠ སྟེ་ཉིན་གྲངས་༡༡ རིང་རྡ་སྟེང་བོད་ཁྱིམ་གྱི་རྐང་སྤོལ་རྩེད་ཐང་དུ། བྱང་ཨ་རི་དང་དབྱིན་ཡུལ། རྒྱ་གར་དང་བལ་ཡུལ་བཅས་ནས་རུ་ཁག་༢༣ བར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་བྱས་ཡོད་པ་དང་། མཐའ་མའི་རྒྱལ་ཁ་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་རུ་ཁག་གིས་བླངས་ཡོད་པ་རེད། ཕྱི་ལོ་༢༠༡༨ ལོའི་རྒྱལ་ཁ་ཡང་མོན་གྷོ་རུ་ཁག་གིས་བླངས་ཡོད་པ་རེད།།

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་རྐང་སྤོལ་རྩེད་འགྲན་དེ་ནི་༧གོང་ས་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་གི་དྲན་རྟེན་ཆེད་དུ། ཕྱི་ལོ་༡༩༨༡ ལོ་ནས་འགོ་བཙུགས་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རྩེད་འགྲན་ཀྱི་ཚད་གཞི་མཐོ་ཤོས་དང་ཆེ་ཤོས་དེ་ཡིན་པ་རེད། རྩེད་འགྲན་དེའི་སྐབས་སུ་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་ཡང་འདེམས་སྒྲུག་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།