རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གཟེངས་རྟགས་དང་སིམ་ལ་རུ་ཁག་གི་བློ་ཕམ།

འདིའི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གྱི་རྟིང་རྩོད་རྩེད་འགྲན་སྐབས་སུ་སིམ་ལ་རུ་ཁག་གི་རྩེད་མོ་བ་ཚོས། རྩེད་དཔང་གི་ཐག་གཅོད་ལ་ངོ་རྒོལ་གྱིས་ཐང་སྟེང་ཕྱིར་ཐོན་ནས་རྩེད་འགྲན་མུ་མཐུད་མ་ཐུབ་པའི་གནད་དོན་དང་འབྲེལ་ནས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྟིང་རྩོད་ཀྱི་རྒྱལ་ཁ་དེ་དོན་གྲུབ་གླིང་རུ་ཁག་ལ་གནང་ཡོད་པ་དང་། སིམ་ལ་རུ་ཁག་དེ་ཨང་རིམ་གཉིས་པར་ངོས་འཛིན་བྱེད་རྒྱུ་མིན་ཁར་ལོ་ལྔའི་རིང་རྩེད་འགྲན་ནང་མཉམ་ཞུགས་མི་ཆོག་པའི་བཀག་སྡོམ་བྱེད་རྒྱུ། གལ་ཏེ་ཟླ་བ་གཅིག་ནང་ཚུད་དགོངས་སེལ་ཞུས་ཚེ་ཉེས་ཆད་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་སྐོར་གསུངས་འདུག ཕྱི་ཟླ་༧ ཚེས་༡ ཉིན་ཐག་གཅོད་དེ་དང་འབྲེལ་ནས་འདི་ག་གསར་འགོད་པས་སིམ་ལ་རུ་ཁག་གི་རུ་དཔོན་གཞོན་པ་རྡོ་རྗེ་རྒྱལ་མཚན་ལ་བསམ་ཚུལ་གང་ཡོད་སྐད་ཆ་དྲིས་པས། ཁོང་གིས་ཐག་གཅོད་དེར་བློ་ཕམ་ཆེན་པོ་ཡོད་པ་དང་ད་ལྟའི་ཆར་མདུན་བསྐྱོད་གང་འདྲ་བྱེད་མིན་ཐད་ཚོགས་འདུ་འཚོག་བཞིན་ཡོད་པས། གང་ཡང་བརྗོད་ཐབས་མི་འདུག་ལ། ད་ལྟའི་ཆར་བུད་མེད་རྐང་སྤོལ་རྩེད་བཞིན་ཡོད་པས་དེར་བར་ཆད་མི་ཡོང་ཆེད་ད་ལྟ་གང་ཡང་བཤད་ཀྱི་མིན་སྐོར་གསུངས་སོང་།

དོན་གྲུབ་གླིང་རུ་ཁག

དེ་ཡང་ཟླ་༦ པའི་ཚེས་༢༤ ཉིན་སིམ་ལ་རུ་ཁག་དང་དོན་གྲུབ་གླིང་རུ་ཁག་གཉིས་བར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་༢༧ པའི་རྟིང་རྩོད་ཀྱི་རྩེད་འགྲན་བྱས་ཡོད་པ་དང་། རྩེད་འགྲན་གྱི་དུས་ཡུན་སྐར་མ་༡༨ མ་ཟིན་ཙམ་གྱི་སྐབས་སུ་དོན་གྲུབ་གླིང་གི་རྩེད་མོ་བ་ཞིག་དང་སིམ་ལའི་སྒོ་སྲུང་གཉིས་བར་གདོང་ཐུག་བྱུང་སྟེ། སྤོ་ལོ་བླུགས་སྐབས་རྩེད་དཔང་པས་སྤོ་ལོ་བླུགས་པར་ངོས་འཛིན་བྱས་ཡོད་པར། སིམ་ལ་རུ་ཁག་གིས་དགག་བྱ་ཆེན་པོ་བྱས། རྩེད་དཔང་པས་རང་གི་ཐག་གཅོད་དེར་ཕྱིར་བཤོལ་མ་བྱས་པས། སིམ་ལ་རུ་ཁག་རྩེད་ཐང་ནས་ཕྱིར་ཐོན་ཏེ་རྩེད་འགྲན་མུ་མཐུད་ནས་འགྲོ་ཐུབ་མེད་པ་རེད། 

ཕྱིས་སུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྩེད་དཔང་གི་ཐག་གཅོད་ལ་འཛིན་སྐྱོང་ནས་ཐེ་བྱུས་བྱེད་ཐབས་མེད་སྐོར་བརྗོད་ནས། མཐའ་མའི་རྒྱལ་ཁ་དེ་དོན་གྲུབ་གླིང་རུ་ཁག་ལ་ཐོབ་པའི་གསལ་བསྒྲགས་བྱས་ཡོད་ཀྱང་།  སྐབས་དེའི་ཁོར་ཡུག་གི་གནས་སྟངས་ལ་བརྟེན་ནས་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་མེད་པ་རེད། གནད་དོན་དེའི་ཐོག་བཙན་བྱོལ་བོད་མིའི་ཁྲོད་བསམ་ཚུལ་མི་མཐུན་པ་ཆེན་པོ་བྱུང་ནས། དྲ་ཐོག་ཏུ་བསམ་ཚུལ་བརྗོད་མཁན་ཤིན་ཏུ་མང་པོ་བྱུང་ཡོད་པ་རེད། ཁག་ཅིག་གིས་རྩེད་དཔང་པའི་ཐག་གཅོད་དེ་མཐའ་མའི་ཐག་གཅོད་ཡིན་པས། དྲང་བདེན་བྱུང་མིན་ལ་མ་ལྟོས་པར་སིམ་ལ་རུ་ཁག་ནས་རྩེད་ཐང་གི་ཕྱིར་ཐོན་པ་དེ་ནི་ནོར་འཁྲུལ་ཡིན་སྐོར་དང་། ཁག་ཅིག་གིས་རྩེད་དཔང་གི་དྲང་བདེན་བྱས་མེད་པས་སིམ་ལ་རུ་ཁག་གི་བྱེད་སྟངས་ལ་རྒྱབ་སྐྱོར་ཡོད་སྐོར། དེ་མིན་ཁག་ཅིག་གིས་སིམ་ལ་རུ་ཁག་གིས་རྩེད་ཐང་ནས་ཕྱིར་ཐོན་ཡོད་པས་རྒྱལ་ཁ་དེ་དོན་གྲུབ་གླིང་རུ་ཁག་ལ་རང་བཞིན་གྱིས་ཐོབ་པ་ཡིན་པས། རྩེད་རིགས་ཚོགས་པའི་ཐག་གཅོད་དེ་འགྲིག་པ་ཡིན་སྐོར་སོགས་བསམ་ཚུལ་སྤེལ་མཁན་འདྲ་མིན་བྱུང་འདུག 

གནད་དོན་དེ་དང་འབྲེལ་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ཟླ་༦ པའི་ཚེས་༣༠ ཉིན་དོན་གྲུབ་གླིང་གི་རྩེད་ཐང་དུ། རྟིང་རྩོད་ཀྱི་རྒྱལ་ཁའི་རྟགས་མ་དོན་གྲུབ་གླིང་རུ་ཁག་ལ་སྤྲོད་ཆེད་དུ་མཛད་སྒོ་ཞིག་གོ་སྒྲིག་གནང་ནས། དོན་གྲུབ་གླིང་རུ་ཁག་ལ་ཨང་དང་པོའི་བྱ་དགའ་ཧིན་སྒོར་འབུམ་གཉིས་དང་། རྟགས་མ་སྤྲད་སོང་། སྐབས་དེར་འདི་ལོའི་རྩེད་འགྲན་ནང་དུ་སྤོ་ལོ་མང་ཤོས་བླུགས་མཁན་དོན་གྲུབ་གླིང་རུ་ཁག་གི་རྩེད་མོ་བ་པདྨ་ལྷུན་གྲུབ་དང་། སྒོ་སྲུང་བ་ཡག་ཤོས་བདེ་སྐྱིད་གླིང་གི་རྩེད་མོ་བ་བསྟན་འཛིན་བསམ་གྲུབ། རྩེད་མོ་བ་ཡག་ཤོས་དོན་གྲུབ་གླིང་རུ་ཁག་གི་རྩེད་མོ་བ་བསྟན་འཛིན་ཆོས་བཟང་། རྩེད་མོ་དྲང་ཤོས་རྩེ་མཁན་གྱི་རུ་ཁག་ནི་བདེ་སྐྱིད་གླིང་དང་མེའོ་ཆོས་འཕེལ་གླིང་རུ་ཁག་བཅས་ལ་བྱ་དགའ་སྤྲད་སོང་། 

སིམ་ལ་རུ་ཁག

དེའི་ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྟིང་རྩོད་ཀྱི་རྩེད་འགྲན་སྐབས་སུ་བྱུང་བའི་གནད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་དོན་ཚན་དང་པོའི་ནང་དུ་ཟླ་༦ པའི་ཚེས་༡༠ ཉིན་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་རུ་ཁག་ཚང་མའི་རྩེད་མོ་བ་དང་སློབ་སྟོན་པ། འགན་འཛིན་སོགས་ཚང་འཛོམས་ཀྱིས་རྩེད་འགྲན་སྒྲིག་གཞི་འགྲེལ་བརྗོད་བྱས་ཡོད་པ་དང་། སྒྲིག་གཞིའི་ཡིག་ཆ་ནང་དུ་རྩེད་འགྲན་གྱི་སྐབས་སུ་རྩེད་དཔང་པའི་ཐག་གཅོད་དེ་མཐའ་མའི་ཐག་གཅོད་ལ་ངོས་འཛིན་བྱེད་རྒྱུ་དང་དེ་ནི་སྒྲིག་གཞི་དང་མཐུན་པ་ཡིན་པས་བརྩི་སྲུང་བྱེད་དགོས་པ་ཁ་གསལ་ཡོད་ཁར། མཉམ་ཞུགས་བྱེད་མཁན་གྱི་རུ་ཁག་ཚང་མར་སྒྲིག་གཞིའི་ཡིག་ཆ་སྤྲད་ཡོད་སྐོར་བཀོད་འདུག 

དོན་ཚན་གཉིས་པའི་ནང་རྟིང་རྩོད་ཀྱི་རྩེད་འགྲན་སྐབས་སུ་རྩེད་རིགས་ཚོགས་ཆུང་ནས་ཆེད་དུ་མངགས་ནས་རྩེད་དཔང་པ་ལྔ་བསྐོ་བཞག་བྱས་ཡོད་པ་དང་། སྐར་མ་༡༧ གྱི་གཡས་གཡོན་དུ་དོན་གྲུབ་གླིང་རུ་ཁག་གིས་སིམ་ལ་རུ་ཁག་ལ་སྤོ་ལོ་གཅིག་བླུགས་སྐབས། རྩེད་དཔང་པས་སྤོ་ལོ་གཅིག་བླུགས་པར་ངོས་འཛིན་བྱས་པས། སིམ་ལ་རུ་ཁག་ནས་ཐག་གཅོད་དེར་ངོ་རྒོལ་གྱིས་རྩེད་འགྲན་ནས་ཕྱིར་ཐོན་ཡོད་པ། རྩེད་རིགས་ཚོགས་པའི་སྒྲིག་གཞིའི་དེབ་ནང་དུ་རྩེད་དཔང་པའི་ཐག་གཅོད་དེ་མཐའ་མ་ཡིན་པ་དང་དེར་བརྩི་སྲུང་བྱེད་དགོས་ཀྱི་ཡོད་པ། སིམ་ལ་རུ་ཁག་གི་རུ་དཔོན་ལ་སྤོན་ཊ་ཆོལ་གསུམ་གྱི་ས་གནས་འགོ་འཛིན་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ནས་རྩེད་འགྲན་ནང་བསྐྱར་ཞུགས་བྱེད་པའི་རེ་སྐུལ་བྱས་ཀྱང་། སིམ་ལའི་རྩེད་མོ་བ་ཚོས་རྩེད་འགྲན་གྱི་ཐད་སྲིང་བརྙན་བསྟན་ནས་སྤོ་ལོ་གཅིག་བླུགས་པ་དེ་ནི་འགལ་འཛོལ་ཡིན་པས། རྩིས་མེད་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། རྩེད་དཔང་པས་རང་ཉིད་ལ་ཡོད་པའི་དབང་ཚད་བེད་སྤྱད་ནས་ཐག་གཅོད་དེར་བརྟན་པོ་མུ་མཐུད་བསྡད་ཡོད་པ། རྩེད་རིགས་ཚོགས་པས་སྐར་མ་༤༠ ལས་མང་བར་སིམ་ལ་རུ་ཁག་ལ་རྩེད་འགྲན་ནང་བསྐྱར་ཞུགས་བྱེད་པའི་རེ་སྐུལ་དང་འགྲེལ་བརྗོད་བྱས་ཀྱང་གྲུབ་འབྲས་ཐོན་མེད་པས། མཐའ་མ་དེར་རྩེད་དཔང་པས་རྩེད་འགྲན་མཇུག་བསྒྲིལ་བའི་བརྡ་བརྒྱབ་རྗེས་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་བྱས་ཡོད་སྐོར་བཀོད་འདུག 

དོན་ཚན་གསུམ་པའི་ནང་དུ་གལ་སྲིད་བརྙན་གྱི་རྩེད་དཔང་མཐུན་འགྱུར་(VAR) གྱི་འཕྲུལ་ཆས་ཡོད་པ་ཡིན་ནའང་། རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཁག་གི་སྐབས་སུ་རྩེད་ཐང་སྟེང་གི་རྩེད་དཔང་པའི་ཐག་གཅོད་དེ་མཐའ་མའི་ཐག་གཅོད་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བཀོད་འདུག 

དོན་ཚན་བཞི་པའི་ནང་དུ་སིམ་ལ་རུ་ཁག་གི་རྩེད་མོ་བ་དང་རྒྱབ་སྐྱོར་བ་ཚོས་སྡིངས་ཆའི་སྟེང་དུ་སླེབས་ནས། བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་ཆུ་ཚོད་གཉིས་ལས་མང་བར་བཀག་འགོག་བྱས་པ་དང་། ཁོ་ཚོས་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་མི་བྱེད་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་སིམ་ལ་རུ་ཁག་ཀྱང་གཅིག་མཚུངས་ཐོག་ནས་རྒྱལ་ཁ་ཐོབ་པ་ཡིན་པའི་གསལ་བསྒྲགས་བྱེད་དགོས་སྐོར་གསུངས་ཡོད་པ། དགོང་མོ་དེར་སིམ་ལ་རུ་ཁག་གིས་དོན་གྲུབ་གླིང་གི་སྤོ་ལོ་གཅིག་དེ་རྩིས་མེད་བྱས་ཏེ་ཉིན་རྗེས་མ་དེར་རྩེད་འགྲན་བསྐྱར་དུ་བྱེད་པའི་རེ་སྐུལ་བྱས་སོང་ཡང་། རེ་སྐུལ་དེ་དག་སྒྲིག་གཞི་དང་མཐུན་གྱི་མེད་སྐོར་བཀོད་འདུག 

དོན་ཚན་ལྔ་པའི་ནང་དུ་སིམ་ལ་རུ་ཁག་དང་རྒྱབ་སྐྱོར་བ་ཚོས་རྩེད་རིགས་ཚོགས་པར་དོན་གྲུབ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་པའི་རྟགས་མ་མི་སྤྲོད་པའི་གནོན་ཤུགས་སྤྲད་ཡོད་པས། གནས་སྟངས་ཚབས་ཆེ་རུ་མི་གཏོང་བའི་ཆེད་དུ་དོན་གྲུབ་གླིང་རུ་ཁག་ལ་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་དེ་ཕྱིར་འགྱངས་བྱེད་རྒྱུ་ཡིན་པའི་བརྡ་ལན་སྤྲད་སྐབས། དོན་གྲུབ་གླིང་རུ་ཁག་གིས་རྩེད་མོ་བའི་བཟང་སྤྱོད་དངོས་སུ་བསྟན་ནས་རྩེད་རིགས་ཚོགས་པའི་རེ་སྐུལ་ལ་དང་ལེན་ཞུས་ཡོད་པས་རྗེས་སུ་ཡི་རངས་ཞུ་ཡི་ཡོད་པ་དང་། གལ་ཏེ་ཁོ་ཚོས་དེ་ལྟར་མ་བྱས་ཚེ་རྙོག་གྲ་ཆེ་རུ་སོང་ཡོད་སྲིད་སྐོར་བཀོད་འདུག 

དོན་ཚན་དྲུག་པའི་ནང་དུ་རྩེད་དཔང་པས་རྩེད་འགྲན་མཇུག་བསྒྲིལ་བའི་བརྡ་བརྒྱབ་ཟིན་ཡང་། དོན་གྲུབ་གླིང་རུ་དཔོན་གྱིས་སིམ་ལ་རུ་དཔོན་ལ་སྤོ་ལོ་གཅིག་བླུགས་རྗེས་རྩེད་འགྲན་མཚམས་བཞག་པའི་དུས་ཚོད་འདི་ནས་རྩེད་འགྲན་མུ་མཐུད་བྱེད་ཆོག་སྐོར་བརྗོད་ཀྱང་། སིམ་ལ་རུ་དཔོན་ནས་ངོས་ལེན་བྱས་མེད་སྐོར་བཀོད་འདུག 

དོན་ཚན་བདུན་པའི་ནང་སིམ་ལ་རུ་ཁག་གི་འགན་འཛིན་གྱིས་རྟིང་རྩོད་རྩེད་འགྲན་སྔོན་དུ། དཀའ་ལས་བརྒྱབ་ནས་གྲུབ་འབྲས་ཐོན་གྱི་ཡོད་པ་དང་། ནོར་འཁྲུལ་ཁས་ལེན་བྱས་ཏེ་དེ་ནས་སློབ་གསོ་ལེན་རྒྱུ་ནི་མ་འོངས་པར་གྲུབ་འབྲས་ཐོན་ཆེད་དུ་གལ་ཆེན་ཡིན་སྐོར་གསུངས་ཡོད་ཀྱང་། ཁོང་གི་རུ་ཁག་གིས་དེ་ལྟར་བྱས་མེད་ཁར། རུ་ཁག་གི་འགན་འཛིན་གྱིས་འགན་ཡག་པོ་ཁུར་མེད་སྐོར་བཀོད་འདུག 

དོན་ཚན་བརྒྱད་པའི་རྒྱལ་ཡོངས་རྩེད་རིགས་པས་བློ་ཕམ་ཆེན་པོའི་ཐོག་ནས་སིམ་ལ་རུ་ཁག་དེ་ཨང་རིམ་གཉིས་པར་ངོས་འཛིན་བྱེད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ། དེ་བཞིན་རུ་ཁག་གི་རྩེད་མོ་བ་དང་སློབ་སྟོན་པ། འགན་འཛིན་བཅས་ཀྱིས་རྩེད་མོ་བའི་བཟང་སྤྱོད་དང་འགལ་བའི་བྱ་སྤྱོད་ལ་འཇུག་གི་ཡོད་པས། ལོ་ལྔའི་རིང་ཁོ་ཚོ་ཚང་མ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་མཉམ་ཞུགས་མི་ཆོག་པའི་བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཐག་གཅོད་བྱས། འོན་ཀྱང་གལ་ཏེ་གསལ་བསྒྲགས་དེ་སྤེལ་ནས་ཟླ་བ་གཅིག་ནང་ཚུད་དུ། སིམ་ལ་རུ་ཁག་གི་རྩེད་མོ་བ་དང་སློབ་སྟོན་པ། འགན་འཛིན་སོགས་ཚང་མས་མིང་རྟགས་བཀོད་ནས་དགོངས་སེལ་གྱི་ཡི་གེ་སྤྲད་ཚེ། རྩེད་རིགས་ཚོགས་པས་ཉེས་ཆད་དེར་བསྐྱར་ཞིབ་བྱེད་རྒྱུའི་འདོད་པ་ཡོད་སྐོར་བཀོད་འདུག 

དྲ་ཐོག་ཏུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཐག་གཅོད་དེར་རྒྱབ་སྐྱོར་བྱེད་མཁན་མང་པོ་འདུག་ལ། དགག་བྱ་བྱེད་མཁན་ཡང་མང་པོ་འདུག ཁག་ཅིག་གིས་སིམ་ལ་རུ་ཁག་ལ་ཉེས་ཆད་བཏང་བར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཀྱང་ལོ་ལྔའི་རིང་བཀག་སྡོམ་བྱས་པ་དེ་ཉེས་ཆད་ལྕི་དྲགས་ཡོད་པ་གསུངས་མཁན་ཡང་འདུག ཁག་ཅིག་གིས་སིམ་ལ་རུ་ཁག་གིས་ང་རྒྱལ་ཟུར་དུ་བཞག་ནས་དགོངས་སེལ་ཞུ་བའི་རེ་སྐུལ་ཡང་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:

Leave a Reply