རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་༢༨ པ་དབུ་འབྱེད།
ཟླ་འདིའི་ཚེས་༡ ཉིན་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་དུ་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཐེངས་༢༨ པ་དེ་ཉིད་དབུ་འཛུགས་གནང་སོང་།
ཐེངས་འདིའི་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ།དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་གཙོས་རྩེད་འགྲན་པ་དང་ལྟད་མོ་བ་སོགས་ཕེབས་ཡོད་འདུག
རྒྱལ་ཡུམ་ཆེན་མོའི་རྩེད་རིག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རིན་ཆེན་གྱིས་དགའ་བསུའི་གསུང་བཤད་གནང་སྐབས། ཁོང་གིས་རྩེད་རིག་འདི་བརྒྱུད་དེ་བོད་ཀྱི་རྐང་རྩེད་རུ་ཁག་བདམས་ནས་ལོ་འདིའི་ཕྱི་ཟླ་བརྒྱད་པའི་ནང་ཨེ་ཤི་ཡའི་ཀི་ནི་ཧྥ་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་། ལོ་འདིའི་ཕྱི་ཟླ་༡ ཚེས་༢༡ ནས་སྟོང་བཙན་ཕོ་ལོང་བསྟི་གནས་གསར་རྒྱག་འགོ་བཙུགས་ཡོད་པ་དང་། ད་ལོ་ནས་མ་འོངས་ལོ་ངོ་བཅུའི་རིང་(Yak tail) ཞེས་པའི་མགྲོན་བདག་གིས་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་སྒྲིག་ཆས་ཀྱི་སྦྱིན་བདག་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་།

ཐེངས་འདིའི་རྩེད་འགྲན་ནང་བལ་ཡུལ་དང་རྒྱ་གར། ཡུ་རོབ་དང་ཨོ་སི་ཊི་ལི་ཡ་སོགས་ནས་རུ་ཁག་༡༦ མཉམ་ཞུགས་བྱས་ཡོད་འདུག་ལ། ཟླ་འདིའི་ཚེས་༡ ནས་༡༡ བར་ཉིན་གྲངས་བཅུ་གཅིག་གི་རིང་ཁྱོན་བསྡོམས་རྩེད་འགྲན་ ༣༡ བྱ་རྒྱུ་དང་། རྩེད་འགྲན་རུ་ཁག་རེ་རེས་ཉུང་མཐར་ཐེངས་༣ རེ་རྩེད་རྒྱུའི་གོ་སྐབས་རག་གི་ཡོད་འདུག།
རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་པོ་ལོའི་འགྲན་བསྡུར་དེ་ནི། ཕྱི་ལོ་༡༩༨༡ ལོ་༧གོང་ས་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་ལགས་འདས་གྲོངས་སུ་ཕྱིན་པའི་རྗེས་སུ། རྒྱལ་ཡུམ་ཆེན་མོ་དྲན་རྟེན་གྱི་ཆེད་དུ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་རྩིས་པ་ཟུར་པ་(Joe) ཚེ་རིང་གིས་ཐོག་མར་འགོ་ཁྲིད་ནས་གོ་སྒྲིག་བྱས་པ་ཞིག་ཆགས་ཡོད་འདུག
དུས་དེ་ནས་ད་ལྟའི་བར་དུ་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་རྟགས་མའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་ ༢༧ ཚོགས་ཐུབ་པ་བྱུང་ཡོད་འདུག རྩེད་འགྲན་ཐེངས་ཐེངས་༢༧ པའི་སྐབས་སུ་འགྲོ་སོང་དང་དུས་ཚོད་སོགས་ཀྱི་རྐྱེན་པས་ལྷོ་ཕྱོགས་རྐང་སྤོལ་རུ་ཁག་རྣམས་རྩེད་འགྲན་ནང་མཉམ་ཞུགས་བྱེད་ཐུབ་མེད། ཐེངས་འདིའི་རྩེད་འགྲན་གྱི་ནང་དུ་ཡང་ལྷོ་ཕྱོགས་རྐང་སྤོལ་རུ་ཁག་རྣམས་མཉམ་ཞུགས་བྱས་མེད་ཀྱང་། རྩེད་འགྲན་པ་མང་དག་ཅིག་ལ་རུ་ཁག་གཞན་གྱི་ནང་དུ་རྩེད་རྒྱུའི་གོ་སྐབས་རག་ཡོད་འདུག
འཛིན་སྐྱོང་ནས་ཀྱང་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་དང་འབྲེལ་བའི་དཀའ་རྙོག་རྣམས་སེལ་ཐབས་བྱེད་དགོས་པའི་བཀའ་གནང་འདུག་པ་དང་། རྩེད་འགྲན་གོ་སྒྲིག་ཚོགས་པའི་ངོས་ནས་ཚོགས་ཆུང་ཞིག་བཙུགས་ནས་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་འདུག
རྩེད་འགྲན་དབུ་འཛུགས་ཀྱི་ཐོག་མར་ཝྰ་ཎ་རྐང་སྤོལ་རུ་ཁག་དང་བོད་ཁྱིམ་རྐང་སྤོལ་རུ་ཁག་གཉིས་དབར་འགྲན་བསྡུར་གྱིས་བོད་ཁྱིམ་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཅིག་དང་ཝྰ་ཎ་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གསུམ་བླུགས་ནས་རྒྱལ་ཁ་བླངས་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།