རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་༢༢ པ།
རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༢ པ་ཐེངས་དང་པོར་དྲ་ལམ་བརྒྱུད་ཐད་ཀར་རྒྱང་སྲིངས་བྱེད་རྒྱུ་རེད་འདུག
ཟླ་༤ པའི་ཚེས་༢ ནས་༡༤ བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་ཊི་འདོད་རྒུ་གླིང་དུ་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༢ པ་འཚོག་འཆར་ཡོད་པ་དང་། དེའི་ནང་རྒྱ་གར་དང་བལ་ཡུལ་ནས་རུ་ཁག་མཉམ་ཞུགས་བྱེད་རྒྱུ་རེད་འདུག ཐེངས་འདིའི་རྩེད་འགྲན་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རུ་ཁག་གཅིག་ཀྱང་མཉམ་ཞུགས་བྱེད་མཁན་བྱུང་མེད་པ་པ་རེད།
ཕྱི་ལོ་༢༠༡༥ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་དེ་དྷ་ས་མེག་གྷན་དྷ་སྟེང་བོད་ཁྱིམ་དུ་བྱས་ཡོད་པ་དང། སྐབས་དེར་མཐའ་མའི་རྒྱལ་ཁ་མོན་གྷོ་ཊི་འདོད་རྒུ་གླིང་རུ་ཁག་གིས་བླངས་ཡོད་པ་རེད།
རྩེད་འགྲན་དེ་ནི་༧གོང་ས་མཆོག་གི་ཡུམ་ཆེན་བདེ་སྐྱིད་ཚེ་རིང་གི་དྲན་རྟེན་ཆེད་དུ། ཕྱི་ལོ་༡༩༨༡ ནས་གོ་སྒྲིག་བྱེད་འགོ་བཙུགས་ཡོད་པ་རེད། ཐེངས་འདིའི་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་དང། མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ཕེབས་འཆར་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།